རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 17 October 2022

གྲུབ་ཆེན་དམར་སྒོམ་རིན་པོ་ཆེའི་རྗེས་དྲན་ཨཱ་ལི་ཀཱ་ལིའི་གདུང་དབྱངས།

སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།

གངས་ལྗོངས་དོལ་པོའི་དད་རྟེན་༸སྐྱབས་རྗེ་ཞི་བར་གཤེགས་པ་གྲུབ་ཆེན་དམར་སྒོམ་ཚེ་རིང་བཀྲ་ཤིས་རིན་པོ་ཆེ།

ཀ་དག་རིག་སྟོང་གཡོ་མེད་ཀུན་ཏུ་བཟང་།།
ལྷུན་གྲུབ་རིག་རྩལ་འགག་མེད་རྡོ་རྗེ་འཆང་།།
གང་འདུལ་འགྲོ་དོན་རྩོལ་མེད་དམར་སྒོམ་པ།།
སྐུ་གསུམ་དབྱེར་མེད་ཚེ་རིང་བཀྲ་ཤིས་མཁྱེན།།

ཀ་མད་སུམ་ཅུ་སྲོག་ལྟར་གཙིགས་འཛིན་ཞིང་།།
ཁ་བ་གངས་ཀྱི་ར་བས་ཡོངས་བསྐོར་པའི།།
ག་བུར་མདངས་ལྡན་མངའ་རིས་དོལ་པོ་སྟེ།།
ང་དང་ཕ་ཡུལ་གཅིག་པའི་ཚུལ་དུ་འཁྲུངས།།

ཅ་ལག་མང་པོ་མི་ཉར་བྱ་བྲལ་དངོས།།
ཆ་ཡོད་ཆ་མེད་ཀུན་ལ་སྦྱིན་པ་གཏོང་།།
ཇ་མར་ཐུག་སྡོར་ཙམ་ཡང་ཡོད་མེད་ངང་།།
ཉ་མོ་ཆུ་ལ་འཇུག་ལྟར་སྒོམ་ལ་བརྩོན།།

ཏཱ་ཐ་ག་ཏའི་བསྟན་པ་ཉམས་པའི་རྟགས།།
ཐ་མལ་ང་འདྲས་སྤྲུལ་མིང་འཛིན་པའི་དུས།།
ད་དུང་བསྟན་འཛིན་ཁྱེད་རྣམས་བཞུགས་དགོས་ཀྱང་།།
ན་ནིང་ད་ལོ་ལོ་ནག་ཚེས་པ་འདྲ།།

པ་རེ་པི་རེ་མགོ་བདེ་དྲན་འཕྲུལ་གྱིས།།
ཕ་རོལ་གཞན་མགོ་སྐོར་བའི་བླ་དཔོན་དང་།།
བ་རྫི་བླུན་པོར་སྤྲུལ་མིང་བཏགས་འདྲ་བ།།
མ་ཡིན་ངེས་དོན་བྱང་ཆུབ་སེམས་དཔའ་ཡིན།།

ཙ་གེ་ཙི་གེ་གསོལ་ཆས་ཅུང་ཟད་ཀྱིས།།
ཚ་ཕོག་རྒྱག་གིན་རྒྱག་གིན་ཞབས་ཐང་ངང་།།
ཛ་མ་ལི་དཀར་པོ་[1]རྡོར་གདན་ལུམྦི་ཎི།།
ཝ་ཏི་བཟང་པོ་[2]ལ་སོགས་གནས་ཀུན་མཇལ།།

ཞ་ཀྱོག་སྤྲང་སློང་ལ་སོགས་ཉམ་ཐག་ལ།།
ཟ་མ་གོས་ཀྱིས་བསྐྱངས་པ་ག་ནས་ཚད།།
འ་ཅག་སྔ་འགྱུར་ཡོངས་ཀྱི་སྙིང་ལྟ་བུ།།
ཡ་གིའི་གཏེར་མཛོད་ཆེན་མོའི་དབང་ལུང་བཙུགས།།

ར་བ་བྲག་གིས་བསྐོར་བའི་དམར་སྒོམ་ཞེས།།
ལ་ལུང་ཀུན་ལ་གྲགས་པའི་སྒྲུབ་གནས་དེར།།
ཤ་ཁྲག་གདོས་བཅས་འོད་ལུས་མ་དེངས་བར།།
ས་གནས་གཅིག་ཏུ་སྒྲུབ་པའི་རང་ཚུགས་བཟུང་།།

ཧ་སག་ག་བ་གཏོར་སའི་རྫོང་ཐང་[3]སོགས།།
ཧ་ཅང་ཉན་ཁ་ཆེ་བའི་ལམ་ཕྲང་དང་།།
ཧ་རེར་བརྡོལ་བའི་མཆོད་རྟེན་མཎ་གདང་རྣམས།།
ཧ་ལམ་ཉམས་གསོ་མ་གནང་གཅིག་ཀྱང་མེད།།

ཨ་ཁ་བདག་སོགས་བསོད་ནམས་ཆུང་བ་ལ།། 
ཨ་སྔོན་དགུང་ནས་ཉི་མ་ནུབ་འདྲ་བ།།
ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད།།
ཨ་དོན་སྐྱེ་མེད་ཀློང་དུ་གཟུགས་སྐུ་བསྡུས།།

ཨི་ཁུང་ཚངས་པའི་བུ་གའི་ཡང་སྟེང་ན།།
ཨུ་རྒྱན་གུ་རུ་དབྱེར་མེད་དམར་སྒོམ་རྗེ།།
ཨེ་ཝཾ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུས།།
ཨོ་ལོའི་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།།

༢༠༢༢/༡༠/༡༧

________________
ཞབས་མཆན།
[1] རང་རེ་བོད་རིགས་རྣམས་ལ་ཇོ་བོ་འཛམ་གླིང་དཀར་མོར་གྲགས་པ་སྟེ། རང་བྱུང་ཇོ་བོ་མཆེད་ལྔའི་ཡ་གྱལ་བལ་ཡུལ་དུ་བཞུགས་པ་ཞིག
[2] སྐྱིད་རོང་ཇོ་བོ་སྟེ། རང་བྱུང་ཇོ་བོ་མཆེད་ལྔའི་ཡ་གྱལ།
[3] ཧ་སག་སྟེ། སྔོན་ཏུརྐིསྠཱན་ནས་ཧ་སག་ཇག་ཚོགས་ཤིག་ཡོང་བ་དེ་། མངའ་རིས་སྒར་དཔོན་དང་འཐབས་ནས་ཐོར་ཅིང་། ཁྱུ་གཅིག་དོལ་པོའི་ཕྱོགས་སུ་སླེབས་ལ་ཉེ་སྐབས། དོལ་སྤྱི་ཁྱབ་ཉི་མ་ཚེ་རིང་གིས་བཅོ་བརྒྱད་དྲུག་ཅུའི་དམག་བསྐུལ་ཏེ། རྫོང་ཐང་ཞེས་པའི་ཕྲང་དེར་བཀག་པའི་ལོ་རྒྱུས་ཡོད།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།