གྲོགས་པོ་དོལ་པོ་ཉི་མ་བསམ་འགྲུབ་ཀྱི་གྲུབ་འབྲས་ལ་འཚམས་འདྲི་ཞིག་གི་དོད་དུ་བྲིས།
སྡེ་དགེ་སྐལ་བཟང་། སེ་ར་བྱེས།
མ་ཡུམ་སློབ་གླིང་གི་ཁྱིམ་གཞི་གཅིག་ལས་འབྲས་རྡལ་མཉམ་དུ་ཟས་ཤིང་། རྩེད་ཐང་གཅིག་ཏུ་རྩེད་མོ་མཉམ་དུ་རྩེས། ཤེས་བྱའི་ལྡུམ་རྭ་ནས་མེ་ཏོག་མཉམ་ཏུ་བཏུས། རྩོམ་རིག་ཅེས་པའི་འཇིག་རྟེན་དེ་ནས་སྙན་ངག་གི་མནའ་མ་མཉམ་དུ་བླངས། ཧ་ཧ་ཧ། ཀུ་རྩེད་ཡིན།
ཁ་སང་གུས་པ་རྒྱུགས་སྤྲོད་ཅིག་གི་ཆེད་དུ་ཕྱིར་འགྲོ་དགོས་བྱུང་། ཧ་ཅང་རྩལ་ཆེ་བའི་མ་ཡུམ་སེར་བྱེས་འབྲིང་རིམ་སློབ་གྲྭ་དེ་ཉིད། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་སུ་ཞུགས་ཏེ། ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉེར་ལྔའི་དགའ་སྟོན་གྱི་མཛད་སྒོར་བཅར་ཐུབ་མ་སོང་། བློ་ཕམ་ཧ་ཅང་ཆེ། མ་ཟད། དུས་སྐབས་དེར་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་མ་ཡུམ་སློབ་གྲྭའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཁྲོད། སློབ་མ་རྩེ་ཕུད་དག་ལ་སློབ་གྲྭའི་ངོས་ནས་ལེགས་གསོའི་བྱ་དགའ་གཟེངས་རྟགས་གནང་འདུག སྐབས་དེར་ཁོ་བོའི་རིགས་གྲོགས་དོལ་པོ་ཉི་མ་བསམ་འགྲུབ་ལགས་སུ། རྩེ་ཕུད་ཀྱི་གཟེངས་བསྟོད་བྱ་དགའ་ཧིན་སྒོར་ ༢༥༠༠༠ དང་ཕྱག་ཁྱེར། དེ་བཞིན་ཕྱི་ལོ་ ༢༠༢༡ ལོའི་མ་ཡུམ་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་མ་ཡོངས་ཀྱི་ཤེས་ཡོན་དང་སྤྱོད་པ་ཀུན་གྱི་རྩེ་ཕུད་བྱ་དགའ་ཡང་ཐོབ་འདུག་པས། དགའ་ཚོར་ཆེན་པོ་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། རྟེན་འབྲེལ་གྲངས་མེད་ཞུ།
སྤྱིར་སེར་བྱེས་འབྲིང་སློབ་གྲྭ་ལ་ཆ་བཞག་ན། རྒྱ་གར་དབུས་འབྲིང་རིམ་ཤེས་ལྷན་ཚོགས་ཀྱི་ངོས་འཛིན་ཡོད་པའི་སེར་མོ་བའི་སློབ་གྲྭ་གཅིག་པུ་དེ་ཡིན། དེ་བཞིན་སློབ་གྲྭ་འདིར་སློབ་མ་གྲངས་བདུན་བརྒྱ་ལྷག་ཡོད་ལ། སློབ་གྲྭའི་འཛིན་གྲྭ་ནི་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད། འཛིན་རིམ་བཅུ་པའི་རྒྱུགས་སྤྲོད་ནི། རྒྱ་གར་རྒྱལ་ཡོངས་སློབ་མ་ས་ཡ་མང་པོའི་དཀྱིལ་དུ་མཉམ་ཞུགས་བྱས་ཏེ། རྒྱུགས་སྤྲོད་བྱེད་ཀྱི་ཡོད།
སློབ་གྲྭ་འདིར་སྦྱོང་བྱའི་གཙོ་བོ་ནི། བོད་ཡིག དབྱིན་ཡིག རྒྱ་ཡིག ཧིན་ཡིག ཚན་རིག ཨང་རྩིས། སྤྱི་ཚོགས་རིག་གནས། ཡིག་གཟུགས། དཔེ་ཆ་བློ་འཛིན། ནང་ཆོས། བཅས་རེད། སློབ་གྲྭ་འདིའི་སློབ་མའི་ངོས་ནས་བཤད་ན། བོད་པ། རྒྱ་གར། འབྲས་ལྗོངས། མོན་པ། ཁུ་ནུ། པིས་ཏིས། འབྲུག་པ། བལ་པོ། ཧོང་ཀོང་། སོག་པོ་བཅས་རེད།
སློབ་གྲྭའི་ཉིན་རེའི་བྱེད་སྒོ་ནི། ཞོགས་པ་ཆུ་ཚོད་བདུན་པ་ནས་བརྒྱད་པ་བར་དཔེ་ཆ་བློ་འཛིན། ༠༨:༠༠ ནས་ ༠༨:༤༥ བར་ཡིག་གཟུགས་སྦྱོང་བརྡར། ཆུ་ཚོད་ ༠༩:༠༠ ནས་ཞོགས་ཚོགས་དང་། དེ་ཚར་ནས་འཛིན་གྲྭ་ཚོགས་ཐེངས་གཉིས། དེ་ནས་སྔ་དྲོའི་བར་གསེང་། དེ་ནས་ཡང་བསྐྱར་ཆུ་ཚོད་ ༡༢:༡༥ བར་ཚོགས་ཐེངས་གཉིས་ཡོད། དེ་རྗེས་ཆུ་ཚོད་ ༠༡:༠༠ མ་ཟིན་ཙམ་བར་ཉིན་གུང་བཞེས་ལག ཉིན་རྒྱབ་ཆུ་ཚོད་ ༠༢:༣༠ ནས་ཚོགས་ཐེངས་གཉིས། དེ་ནས་བར་གསེང་། བར་གསེང་ཚར་རྗེས་འཛིན་རིམ་དྲུག་པ་ཡན་རང་ཉིད་འདོད་མོས་ཀྱི་དམིགས་བསལ་སྐད་ཡིག་གི་འཛིན་གྲྭ་ཡོད། དམིགས་བསལ་སྐད་ཡིག་འཛིན་གྲྭར་བོད་ཡིག དབྱིན་ཡིག རྒྱ་ཡིག་བཅས་ཡོད། ཕྱི་དྲོ་ཆུ་ཚོད་ ༠༥:༢༠ ལ་ཕྱི་དྲོའི་འཛིན་གྲྭ་གྲོལ་བ་དང་། དགོང་ཟས། དགོང་མོ་ཆུ་ཚོད་ ༠༦:༠༠ ནས་ ༠༧:༠༠ བར་འཛིན་གྲྭ་དྲུག་པ་ཡན་དཔེ་ཆ་སྐྱོར་སྦྱོང་དང་། ༠༧:༠༠ ནས་ ༠༨:༠༠ བར་ཆོས་ར་འཚོག་གི་ཡོད།
སློབ་གྲྭ་འདི་ནས་ཐོན་པའི་སློབ་མ་མང་པོ་བྱུང་ཡོད་ལ། དེའི་ཁྲོད་དུ་སེར་བྱེས་གྲྭ་ཚང་གི་མཁན་པོ་དང་། དབུ་མཛད། དགེ་བསྐོས། དཔེ་ཁྲིད་རྒན། གྲྭ་ཚང་གི་དྲུང་ཡིག དེ་བཞིན་ཁང་ཚན་སོ་སོའི་དྲུང་ཡིག གྲྭ་ཚང་གི་དུས་རབས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་མང་ཆེ་བ་སློབ་ཟུར་དག་ཡིན། དགེ་རྒན། མ་ཟད། ཕྱིར་དགེ་རྒན་དང་ལས་བྱེད། གཞུང་འཛིན་མི་སྣ། ལས་རིགས་འདྲ་མིན་གྱི་སྟེང་སློབ་ཟུར་མང་པོ་ཡོད།
མདོར་ན་ངས་ཀྱང་བོད་ཡིག་ཐར་ཐོར་འབྲི་ཤེས་པ་འདི། སློབ་གྲྭ་འདིས་གནང་པ་ཡིན། གང་ལྟར་གྲོགས་པོ་ལ་རྟེན་འབྲེལ་དང་ལྷན་དུ་ཉག་ཉོག་འགའ་བྲིས། དངོས་གནས་བྱས་ན་གྲོགས་པོ་ལ་སྙན་ངག་གི་མཆོད་པ་ཞིག་ཕུལ་དགོས་ཀྱང་། དེང་སང་རྩོད་རྒྱུགས་ཀྱི་དུས་ཡིན་དུས་སྙན་ངག་གི་འཇིག་རྟེན་དང་བྲལ་ཚར་འདུག ཧཧཧ། ཀུ་རྩེད་ཡིན། སེམས་གཏིང་ནས་འཚམས་འདྲི་ཞུ།
ཨ་མའི་བུ་ཁྱོད་ལ་རེ་བ་ཆེ། མ་འོངས་ཀྱི་ལོ་ཟླའི་ནང་དུ་ཁྱེད་ཉིད་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ཏེ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་ར་ཞུགས་ནས་གཞུང་ཆེན་སློབ་གཉེར་མཐར་ཕྱིན་ཡོང་བའི་སྨོན་འདུན་ཞུ། ཁྱོད་ལ་ཡོད་པ་ནི་སྐད་ཡིག་བཞི་ལྡན། མི་གཞི་བཟང་པ་བཅས་ཡིན། ད་ཁྱོད་ལ་དགོས་པ་དེ་ནང་ཆོས་ཡིན། དེའི་སྟེང་ཁྱོད་ཀྱིས་ཧུར་བརྩོན་བྱོས། གྲོགས་གཅེས།
༢༠༢༢/༡༠/༢༢ ཉིན།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།