རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 26 November 2022

སྐྱག་ལང་ཤོར་སྟངས་འདི་འདྲ་ཞིག་རེད་འདུག

ཐོད་རྒལ། (སློབ་དཔོན་བཤད་སྒྲུབ་ཉིན་བྱེད། རྣམ་གྲོལ་གླིང་།)


༡༽  ཕྱིན་ཕྱིན་པའི་རྗེས་སུ་འགྲོ་འདོད་ཀྱི་སྣང་བ་འཆར་ལུགས་འདི། བྱིས་དུས་སུ་བུ་རམ་བཟས་རྗེས་ཀྱི་ཚོར་བ་དང་རྒྱ་མ་གཅིག་མཚུངས་སུ་སྣང་།  དེས་ན་ལོ་འདིར་མ་སོང་བའི་ས་ཞིག་དང་། མ་འགྲིམ་པའི་རི་ཞིག་མེད་ཀྱང་། ད་དུང་འགྲོ་འདོད་ཀྱི་འདུན་པ་འདི། རྟ་རྒོད་ངར་ལངས་པ་ཞིག་དང་ཧེ་བག་གཏན་ནས་མི་འདུག 

༢༽ རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་ནི་མཐོན་པོའི་རི་དང་། ཁོད་སྙོམས་པའི་ཐང་གཤོངས།  ཚང་ཚིང་འཁྲུགས་པའི་ནགས་ཚལ་འབའ་ཞིག་ཡིན།  ཡིན་ན་ཡང་ངས་རིའི་རྐེད་པ་བཅད། དཔུང་པ་བརྫིས། རི་བོའི་དབུ་རྩེ་ལ་རྐང་པས་བཅག་བཅག་བྱས། ད་དུང་རི་མགོ་དེ་ག་རང་དུ་སྡུག་ས་ནས་བཤད་ན། གསོལ་སྐྱག་རི་དང་མཉམ་པ་ཞིག་དོར། དེ་ངས་འཇོན་ཐང་དུ་ངོམ་སྟེ་ཀི་སྒྲ་ཞིག་ཀྱང་བཏབ། 

༣༽ དུས་ཚོད་ག་ཤེད་ཅིག་ལ་ཡིན་པ་ཡོད། ན་མཉམ་གྱི་གྲོགས་སམ་མཐོ་སློབ་འདིའི་བཤེས་གཉེན་འགའ་དང་ལྷན་དུ། ཁོད་སྙོམས་པའི་ཐང་གཤོངས་ལ་མཐོང་ཆུང་བྱེད་འགོ་བརྩམས།    ས་གཙང་བ་དག་ཏུ་མེ་བཏང་། "གཡག་རྒྱལ་པོ་"ནས་དབུ་བཙུགས་ཏེ། ཞོག་ཁོག་ཚུན་ཆད་རྡོག་བཙོས་བརྒྱབ།  དེས་ག་ལ་ཚད། ཕ་ཡུལ་གྱི་ཇ་བསྲུབས་མ་ཞིག་མིན་ཡང་འོ་ཇ་ཞིག་ལ་ཚྭ་བླུགས། བྱེ་མ་ཀ་ར་བྲན་པ་སོགས་སྲོལ་རྒྱུན་གྱི་ས་མཚམས་ལས་རིང་དུ་གྱེས་ཏེ། ཐོད་རྒལ་གྱི་བྱ་གཞག་མང་ཐག་ཆོད་ཅིག་བྱས།
     དེ་ལས་ཀྱང་མཐོང་ཆུང་ཆེ་བ་ཞིག་ནི། གཙང་ཆུ་དག་ལ་བྱས་པ་དེ་རེད། འཁྲུས་དང་གཙང་སྦྲའི་ཀློང་དུ་ཉི་མ་འཁྱོལ་ཐབས་ལ་མི་འགའ་ཞིང་། དུས་རབས་གོང་མའི་མི་བུ་དྲེག་པ་ཅན་གྱི་རྗེས་སུ་རྐང་པ་འཇོག་པའི་ཨ་ཇོ་ངས། རྒྱ་མ་དགུ་ལས་མི་ཉུང་བའི་དྲེག་པ་དེ་ཚོ་ལྷོད་ཀྱིས་རྒྱུགས་ཤིང་། དལ་གྱིས་གོམས་འགྲོས་ལ་རེ་བའི་གཙང་ཆུའི་ཀློང་དུ་བྱི་དོར་བྱས་ཏེ། ཉ་དང་ཆུ་སྲིན་ཚུན་ཆད་སྐྱུག་པ་བསྐྱུགས། ཞེ་མེར་ལངས་དུ་གཅུག་པ་དེ་ཡིན།

༣༽ གཞན་ཡང་ཆར་པ་བབས་ཀྱང་ཆར་གདུགས་མི་དགོས་པའི་ཕོ་རྒོད་ངས། ཚང་ཚིང་འཁྲུགས་པའི་ནགས་ཚལ་སྟུག་པོ་དག་ལ། ལམ་མེད་སར་ལམ་གཤགས།  དུག་སྦྲུལ་ཡོད་སར་སྦྲུལ་ལག་ཏུ་བླངས་ཏེ། འཇིགས་ཞུམ་མེད་པའི་ངང་ནས་མདུད་པ་བརྒྱབ།  མ་ཟད་ཆར་པ་བབས། ཉི་མ་ཕོག རླུང་གིས་བཙེས་ཀྱང་། གྲྭ་རྒོད་ངའི་འགྲུལ་བཞུད་ནི། སྔོན་བྱོན་གོང་མ་རྣམས་ཀྱིས་དཔེ་ཐོག་ཏུ་བརྩོན་འགྲུས་རྩོམ་པ་དང་གཅིག་མཚུངས་སུ་ཆད་ལུས་མེད་པ་བྱས། 

༤༽ འགྲུལ་བཞུད་ཀྱི་འཐོབ་བྱ་ནི། སྐྱག་ལང་ངམ་གོམས་གཤིས་ངན་པ་ཞིག་སྟེ། སླར་ཡང་འགྲོ་འདོད་ཀྱི་སྣང་བ་འབད་མེད་དུ་འོང་བ་ནི། རང་ཉིད་འདོད་པའི་མི་ཞིག་ཡིན་པའི་དཔང་རྟགས་བསྟན་འདུག་པ་དེའི་ཕྱིར། ང་སངས་རྒྱས་མི་འདུག ང་དུལ་མི་འདུག ངས་དགྲ་བཅོམ་པ་མི་འདུག དེའི་ཕྱིར་ངས་མ་དུལ་བའི་འཁྲབ་ཚན་དང་། མ་ཞི་བའི་རྣམ་ཐར་སྐྱོང་མི་འདོད་པ་འདི་རེད།   

     ༢༠༢༢/༡༡/༢༦ ཉིན་ཧོབ་དེ་ཁ་ལ་བཤད་སྒྲུབ་མིང་པས། ཡུལ་སྐོར་ཟིན་ཐོར་བཀོད་པའོ།།



No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།