ཐུབ་བསྟན་རིན་ཆེན་མཚུངས་མེད། (བོད།)
གངས་ལྡན་མུན་པས་དཀྲིགས་པའི་གྲོང་ཁྱེར་དུ། །
གཙུག་ལག་ཆོས་ཀྱི་ཉི་མའི་སྣང་བ་ཡིས། །
འདི་དང་ཕྱི་མའི་ལམ་བཟང་གསལ་མཛད་པ། །
ལོ་པཎ་སྐྱེས་མཆོག་རྣམས་ལ་དད་ཕྱག་བརྩེགས། །
ཚུལ་གསུམ་གཏན་ཚིགས་རིགས་པའི་སྤོ་ན་འཛེགས། །
མདོ་སྔགས་ཉི་ཟླ་གཉིས་ཀྱི་ཕྱང་འཕྲུལ་མཛེས། །
གངས་ལྗོངས་མཁས་རྒུའི་གཙུག་གི་རྒྱན་གྱུར་པ། །
སྔ་འགྱུར་ཤིང་རྟ་རོང་ཀློང་མི་ཕམ་རྒྱལ།
ཐུབ་དབང་མ་དྲོས་པ་ཡི་མཚོ་ཆེན་ལས། །
འོང་བའི་ཁ་འབབ་བཞི་ཡི་གྲུབ་མཐའི་ཀླུང་། །
དུ་ཁའི་སྐོམ་གདུང་སེལ་ལ་ཁྱད་མེད་ཀྱང་། །
ལས་སྐལ་ཆབ་ཀྱི་ཟེགས་མ་འཐུང་ལ་སྤྲོ། །
དེ་ལ་འདིར་ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་དང་། འཇམ་མགོན་མི་ཕམ་རྒྱ་མཚོ་སོགས་ཀྱི་ལུགས་ལ། དོན་སྤྱི་ཤེས་པ་ཡིན་པར་ཁས་ལེན་མིན་གྱི་ཐད་དུ་སྨྲ་བ་སྣ་ཚོགས་བྱུང་བས། སྐབས་སུ་དེའི་དོན་རང་བློ་ལ་འཆར་ཚུལ་ལྟར་ཞུས་ན།
སེམས་ཙམ་རྣམ་བདེན་པ་དང་མདོ་སྡེ་པ་གཉིས་ཀྱི་ཁྱད་པར་སྤྱིར་བཤད་པ། སྐབས་དོན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་ན་ཐ་སྙད་ཀྱི་གྲུབ་མཐའི་རྣམ་གཞག་ལ། ཤེས་པ་རྣམ་བཅས་དང་རྣམ་མེད་གཉིས་ལས། རྣམ་བཅས་སུ་ཁས་ལེན་པ་འདི་གཏིང་ཟབ་ཅིང་། ཐ་སྙད་ཀྱི་གནས་སྣང་གང་ལྟར་ཡང་ཆེས་འཐད་པའི་ལུགས་ནི་དེ་ཡིན་ལ། དེ་ལའང་ཕྱི་དོན་ཁས་ལེན་མིན་ཀྱི་ལུགས་གཉིས་ལས། ལེན་པའི་ལུགས་ལྟར་ན། མདོ་སྡེ་པའི་གྲུབ་མཐའ་སྣང་བ་བློ་ཡིན་པ་འདི་ཆེས་ཤིན་ཏུ་འཐད་ཅིང་། ཐ་སྙད་ཀྱི་གནས་ཚུལ་ཕྱི་དོན་མི་འདོད་པ་ལྟར་ན། སེམས་ཙམ་རྣམ་བདེན་པ་འདི་རྣམ་གཞག་ཀུན་གྱི་རྩེ་མོར་གྱུར་པ་ཡིན་ཏེ། འཇམ་མགོན་མི་ཕམ་པའི་རྒྱན་འགྲེལ་ལས་མདོ་སྡེ་པའི་སྐབས། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༡༢༤།) ལུགས་འདི་ཕྱི་དོན་ཡོད་པར་འདོད་ཕན་ཆད་འདི་ལྟར་ཁས་ལེན་པ་ལས་འོས་མེད་པས་ཤིན་ཏུ་འཐད། ཅེས་དང་རྒྱན་གྱི་སྤྱི་དོན་ལས་སེམས་ཙམ་པའི་སྐབས། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༢༡།) དེས་ན་སེམས་ཙམ་པའི་ཚུལ་འདི། ཀུན་རྫོབ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་བདེན་པ་ཡིན་མོད་ཀྱི། ཞེས་དང་། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༤༧།) ཐ་སྙད་སྣང་བའི་ངང་ཚུལ་འདི་ལ་གནས་ན་ནི། ཕྱི་དོན་ཡོད་པ་ལ་རིགས་པས་གནོད་ཅིང་། སེམས་ཙམ་ཡིན་པ་ལ་རིགས་པའི་སྒྲུབ་བྱེད་ཡོད་པས། ཚུར་མཐོང་གི་ས་ལས་མ་བརྒལ་བར་ཐ་སྙད་ཞིག་ཁས་ལེན་ན། འདི་ལས་གོང་དུ་གྱུར་པ་མེད་དེ། ཞེས་དང་། འདིའི་གོང་དུ་གྱུར་པའི་ཐ་སྙད་ཀྱི་རྣམ་གཞག་ཞིག་མི་སྲིད་པར་ཤེས་པར་བྱའོ། །ཞེས་གསུངས་སོ།།
དེས་ན་འདི་གཉིས་ཀྱིས། བློ་ངོ་ལ་སྣང་བའི་རྣམ་པ་ཤེས་པ་ཡིན་པར་ཁས་ལེན་པ་ལ་རྣམ་པ་ཀུན་དུ་འདྲ་ཞིང་། ཐ་སྙད་དུ་རྣམ་པ་དང་ཤེས་པ་གཉིས་ལ་མང་ཉུང་འདོད་ཚུལ་གྱིས་གྲུབ་མཐའ་གསུམ་འབྱུང་བའང་མཚུངས་མོད། མི་འདྲ་བའི་ཁྱད་པར་ནི། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཁས་ལེན་མི་ལེན་ཙམ་གྱིས་ཕྱེ་དགོས་ཏེ། འཇམ་མགོན་མི་ཕམ་པའི་རྒྱན་འགྲེལ་ལས་མདོ་སྡེ་པའི་སྐབས། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༡༢༥།) དེ་ལྟར་ཤེས་པ་རྣམ་བཅས་སུ་སྨྲ་བ་ལ། སེམས་ཙམ་པ་དང་འདི་གཉིས་འདྲ་ཡང་། ཕྱི་དོན་ལོགས་སུ་ཡོད་པར་འདོད་མི་འདོད་ཀྱི་ཁྱད་པར་ཙམ་མོ། །ཞེས་དང་། སེམས་ཙམ་པའི་སྐབས། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༡༧༣།) རྣམ་བདེན་པ་ལའང་། རྣམ་པ་དང་ཤེས་པ་གཉིས་མང་ཉུང་ལ་འདོད་ཚུལ་མུ་གསུམ་བྱུང་བ་ནི། མདོ་སྡེ་པ་དང་འདྲ་བ་ལ། མདོ་སྡེ་པས་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ལོགས་སུ་ཡོད་པར་ཁས་ལེན་ལ། སེམས་ཙམ་པས་རྣམ་པ་སྣང་བ་དེ་ཉིད་ཡུལ་དུ་བཏགས་ཀྱི། དེ་ལས་ཕ་རོལ་ན་ལོགས་སུ་ཕྱི་དོན་མི་འདོད་པ་ཙམ་གྱི་ཁྱད་པར་རོ། །ཞེས་དང་། དེ་བཞིན་དུ་འཇམ་མགོན་མི་ཕམ་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ་ལས་མདོ་སྡེ་པའི་ཐད། (གསུང་འབུམ། མ། ༡༦ ཤོག་གྲངས། ༦༠༠།) ཤེས་པ་རྣམ་པ་དང་བཅས་པར་སྐྱེ་ན། སེམས་ཙམ་པ་དང་ཁྱད་ཅི་ཡོད་ཅེ་ན། དེའི་ཁྱད་པར་རྣམ་ཤེས་ལས་གུད་ན་རྡུལ་ཕྲན་བསགས་པའི་གཟུགས་ལྐོག་ན་མོ་མེད་པ་མིན་ཞེས་ཡོད་པར་འདོད་པ་སྟེ། ཞེས་སོགས་གསུངས་པ་དེས་ན། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཁས་ལེན་མི་ལེན་ཙམ་ལས། ཤེས་ངོ་ལ་སྣང་བའི་རྣམ་པ་ནི་གཉིས་ཀས་ཤེས་པ་ཡིན་པར་འདོད་པ་ལ་མི་འདྲ་བ་ཅི་ཡང་མེད་པས། གཅིག་གི་སྐབས་སུ་མི་གསལ་བ་རྣམས་གཅིག་ཤོས་ཀྱི་སྐབས་སུ་གསལ་ཞིང་། འདི་གཉིས་ཀྱི་འདོད་པ་གང་རུང་བཀག་པས་གཉིས་ཀ་ཁེགས་པར་འགྱུར་བ་སོགས་མང་བས། ཚུལ་དེ་ལ་དགོངས་ཏེ་ཀུན་མཁྱེན་ཆེན་པོས་ཀྱང་། འདི་གཉིས་ཀྱི་གྲུབ་མཐའི་འདོད་པ་བརྗོད་ཚེ་ཕར་ཚུར་ཁ་འཕངས་པ་དང་དགག་པ་བརྗོད་པའི་སྐབས་ལའང་དེ་བཞིན་འབྱུང་བ་མང་ངོ་།།
དེས་ན་ཐ་སྙད་རིགས་པའི་རྒྱལ་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང་། ཐ་སྙད་སྣང་ཚུལ་གྱི་རྣམ་བཞག་འཆད་ཚེ། མདོ་སྡེ་པ་ལྟར་བཞེད་ཅིང་། ཐ་སྙད་གནས་ཚུལ་གྱི་རྣམ་གཞག་འཆད་ཚེ། སེམས་ཙམ་རྣམ་བདེན་པ་ལྟར་དུ་ཁས་ལེན་པ་ཡིན་ཏེ། རྒྱན་གྱི་སྤྱི་དོན་ལས། (བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༤༦།) ཐ་སྙད་རང་ལ་ནང་གསེས་ཡང་དག་ཡིན་མིན་གཉིས་སུ་ཕྱེ་བ་འདི་མདོ་སྡེ་པ་དང་མཐུན་ལ། ཆོས་ཀྱི་གྲགས་པས་ཀྱང་། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས། ཞེས་དང་། རྣམ་འགྲེལ་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་གྱི་ལེའུ་གསུམ་པ་མངོན་སུམ་ལེའུ་ལས། (གསུང་འབུམ་པོད། ཆ། ༦ ཤོག་གྲངས། ༤༥༤) དེ་ལ་གཞུང་འདིས་ཐ་སྙད་དཔྱོད་པའི་ཚད་མ་གཙོ་བོར་སྟོན་པ་ཡིན་པས། སྣང་བ་ཐབས་ཀྱི་ཆ་འཆད་པ་ལ་གཉིས་སྟོང་གི་རྣམ་རིག་ཙམ་འཁོར་འདས་ཀྱི་སྣང་གཞི་དང་འཆར་གཞིར་གྲུབ་པས། དེ་ཙམ་གཙོར་བཏོན་ནས་སེམས་ཙམ་གྱི་གྲུབ་མཐའི་རྣམ་གཞག་གསལ་པོར་སྟོན་པ་ནི། གཞུང་ཉིད་ཀྱིས་གསལ་བས་བསྙོན་དུ་མེད་ལ། སེམས་ཙམ་དེ་ལའང་དོན་དམ་པར་གཉིས་སྟོང་གི་རྣམ་ཤེས་གྲུབ་པར་སྨྲ་བ་ལ། སུ་ཡང་མི་མཐུན་པ་མེད་པས། གཉིས་སྟོང་དུ་སྒྲུབ་པ་ཙམ་གྱིས་རྣམ་རྫུན་པ་ཡིན་པར་མི་གྲུབ་ཅིང་། རྣམ་བདེན་རྫུན་ནི་གཉིས་སྣང་དང་བཅས་པ་ཐ་སྙད་ཀྱི་སྐབས་སུ་ཤེས་པ་ལ་རྣམ་པ་ཡོད་མེད་དུ་བཞེད་པའི་ཁྱད་པར་ཙམ་ཡིན་ཅིང་། ཐ་སྙད་དུ་རྣམ་མེད་དུ་ཉམས་སུ་མྱོང་བ་མི་འཐད་པས་གཞུང་འདིར་རྣམ་བཅས་སུ་བཞེད་པ་ནི། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་དང་། ཤེས་ལས་ཐ་དད་མ་ཡིན་ན། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་དང་། གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་དང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོགས་གཞུང་གི་སྐབས་ཀུན་ཏུ་གསལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ་སྐབས་དོན་དོན་སྤྱི་ཤེས་པ་ཡིན་ཚུལ་བྱེ་བྲག་ཏུ་བཤད་པ་ནི། དེ་འདྲ་བའི་གྲུབ་མཐའ་གཉིས་པོའི་ལུགས་ལྟར་ན། བློ་ངོ་ལ་སྣང་བའི་རྣམ་པ་ཀུན་ཤེས་པ་ཉིད་ཡིན་པར་མཚུངས་པས། དོན་སྤྱི་འང་ཤེས་པ་ཡིན་པ་འདི་རིགས་པས་གྲུབ་པ་ལྟར་ཁས་ལེན་པ་འདི། རིགས་པའི་དབང་ཕྱུག་གི་དགོངས་པ་ཡིན་ཞིང་། ཀུན་མཁྱེན་རྒྱུད་པ་དང་བཅས་པའི་དགོངས་པ་རྨ་མེད་པ་ཡང་ཡིན་ཏེ། རིགས་པའི་དབང་ཕྱུག་གིས་རྣམ་འགྲེལ་ལེའུ་དང་པོར། གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་དང་། དེའི་ཐད་འགྲེལ་ཆེན་ལེགས་བཤད་སྣང་གཏེར་ལས། (གསུང་འབུམ་པོད། ཆ། ༦ ཤོག་གྲངས། ༥༢) ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ་སྤྱི་ཡིན་ལ། དེ་ཡང་ཤེས་པའི་ངོ་བོ་ཡིན་པའི་ཕྱིར། ཡོད་པ་ཁོ་ནའོ་སྙམ་ན། སྤྱི་འཛིན་ཤེས༷་པ་ལ༷ས་ཐ༷་ད༷ད་མ༷་ཡི༷ན་པའི་རྣམ་པ༷་དེ་ནི། ཇི༷་ལྟར༷་དོན༷་གཞན༷་ཕྱི་རོལ་རྣམས་ཀྱི་རྗེས་སུ་འབྲང༷་བ༷ར་འགྱུར༷་ཏེ། ནང་གི་ཤེས་པ་དང་རྫས་གཅིག་ཡིན་པའི་ཕྱིར་རོ། །ཞེས་ཕྱི་རོལ་པས་སྤྱི་ཞེས་པ། ཕྱི་རོལ་གསལ་བ་རྣམས་ཀྱི་རྗེས་སུ་འགྲོ་མཁན་ཞིག་ཡོད་པར་བཤད་པ་ལ། དཔལ་ལྡན་གྲགས་པས་སྤྱི་ཞེས་པ་ཤེས་པ་དང་རྫས་གཅིག་པས། ཇི་ལྟར་ཕྱི་རོལ་གྱི་རྗེས་སུ་འགྲོ་ཞེས་བཀག་པས། རྟོག་ངོར་སྣང་བའི་སྤྱི་ཉིད་ནང་གི་ཤེས་རྫས་ཡིན་པ་གསལ་བར་གྲུབ་བོ། །འདིའི་དོན་འདི་བཞིན་ཡིན་པ་འཇམ་མགོན་མི་ཕམ་པའི་དགོངས་པ་ཡིན་ཏེ། རྣམ་འགྲེལ་ལེའུ་གསུམ་པའི་འདིའི་ཐད་དུ་ལེགས་བཤད་སྣང་གཏེར་ལས། རྣམ་འགྲེལ་སེམས་ཙམ་རྣམ་བདེན་པའི་གཞུང་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་དག་བཀོད་ཚེ། "གཞུང་འདིར་རྣམ་བཅས་སུ་བཞེད་པ་ནི། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་དང་། ཤེས་ལས་ཐ་དད་མ་ཡིན་ན། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །"ཞེས་དྲངས་འདུག་པས། གལ་ཏེ་ལུང་ཚིག་འདིས་སྤྱི་ཤེས་པར་སྟོན་པ་མིན་ན། ཚད་མ་རྣམ་འགྲེལ་འདི་རྣམ་པ་ཤེས་པར་འདོད་པའི་རྣམ་བདེན་པའི་གཞུང་ཡིན་པའི་སྒྲུབ་བྱེད་དུ་འདྲེན་མི་རིགས་ཏེ། སྐབས་དང་མ་འབྲེལ་བས་སོ།།
ད་ནི་སྐལ་བཟང་སྐྱེ་བོ་དག་ལ་རང་ལུགས་ཡིག་ཆའི་གནད་བསྟན་པར་བྱ་སྟེ། དེ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡིད་བཞིན་མཛོད་འགྲེལ་ལས་ཉན་ཐོས་མདོ་སྡེ་པའི་ཐུན་མིན་གྱི་འདོད་པ་བདུན་ལས་གཉིས་པ་སྣང་བ་བློའི་ཐད། (ཀློང་ཆེན་མཛོད་བདུན། ལྦཾ། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༥༦།) "སྣང་བ་བློ་ནི། སྤྱིར་ཤེས་པའི་སྣང་ཡུལ་གསུམ་སྟེ། །ལྷ་ཡི་བསྐྱེད་རིམ་ལྟ་བུ་དོན་སྤྱི་དང་། །ཟླ་བ་གཉིས་སྣང་ལྟ་བུ་མེད་པ་གསལ་བ་དང་། བུམ་པ་ལྟ་བུ་དོན་རང་མཚན་ནོ། །དེ་ལྟར་རིགས་གསུམ་གྱིས་བསྡུས་པའི་སྣང་ཚད་ཐམས་ཅད་ཤེས་པ་དངོས་ཡིན་ཏེ། རྣམ་བདེན་དང་ཁྱད་མེད་དོ། །"ཞེས་དང་འདོད་པ་དེ་འགོག་སྐབས། "སྣང་བ་བློ་ཡིན་པ་ནི། རྣམ་བདེན་པར་འགོག་གོ །"ཞེས་སྣང་བ་ལ་གསུམ་གསུངས་ཤིང་། དོན་སྤྱི་སོགས་རིགས་གསུམ་གྱིས་བསྡུས་པའི་སྣང་བ་ཐམས་ཅད་ཤེས་པ་དངོས་ཡིན་པར་འདོད་པ་མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་པ་གཉིས་ཁྱད་མེད་པར་གསུངས་པས་སོ། །ཁ་ཅིག་གིས་ལུང་འདི་རང་འདོད་ཀྱིས་འཐེན་ཁྱེར་སྣ་ཚོགས་བྱེད་མོད། བཤད་མ་ཐག་པ་ལྟར་ཡིན་ཚུལ། ཀུན་མཁྱེན་ཉིད་ཀྱི་དགོངས་པ་ཉིད་ཀྱིས་དཀྲལ་བའི་ཚུལ་འོག་ཏུ་ཞིབ་པར་འབྱུང་བས་ཤེས་ལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཀྱང་ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས་ལས། (གསུང་འབུམ། ཙ། ཤོག་གྲངས། ༤༤༩) "སྣང་བ་བློ་ཡིན་པ་ནི། དོན་སྤྱི་དང་། མེད་པ་གསལ་སྣང་། དོན་རང་མཚན་ལྟ་བུའི་སྣང་བ་ཐམས་ཅད་རང་གི་ཤེས་པ་དངོས་ཡིན་པར་འདོད་དེ་རྣམ་བདེན་དང་འདོད་པ་མཚུངས་སོ། །"ཞེས་དེ་དང་མཚུངས་པར། རིགས་གསུམ་གྱིས་བསྡུས་པའི་སྣང་བ་ཐམས་ཅད་རང་གི་ཤེས་པ་དངོས་ཡིན་པར་གསུངས་སོ། །དེ་བཞིན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲུབ་མཐའ་མཛོད་ལས་ཉན་ཐོས་མདོ་སྡེ་པའི་འདོད་པ་བརྗོད་པའི་སྐབས། (ཀློང་ཆེན་མཛོད་བདུན། ར། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༦༦།) "རྨི་ལམ་ལ་རྟ་གླང་གི་རྣམ་པར་སྣང་བ་དང་། ཡིད་རྟོག་བཅས་ལ་སྔ་ཕྱི་དང་ཡུལ་དང་རང་བཞིན་འདྲེས་པའི་དོན་སྤྱི་མི་གསལ་བ་སྣང་བ་ན། སྣང་བ་ཤེས་པའི་ངོ་བོ་ཡིན་ཡང་རྣམ་པ་གཏོད་བྱེད་ཕྱི་རོལ་ན་མེད་པས་འཁྲུལ་པ་ཡིན་ནོ། །"ཞེས་གོང་གི་ཡིད་བཞིན་མཛོད་འགྲེལ་ལས་གསུངས་པ་ལྟར། མེད་པ་གསལ་སྣང་ཟླ་བ་གཉིས་སྣང་སོགས་གསུམ་པོ་ཤེས་པ་དངོས་ཡིན་ན། དེ་དག་ལ་འཁྲུལ་ཤེས་ཡིན་མིན་གྱི་ཁྱད་པར་གང་གིས་འབྱེད་ཅེ་ན། རྨི་ལམ་སྐབས་རྟ་གླང་གི་རྣམ་པ་དང་། ཡུལ་དུས་རང་བཞིན་འདྲེས་པར་སྣང་བའི་དོན་སྤྱི་སོགས། ཤེས་པ་དངོས་ཡིན་ཡང་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་མེད་པས། དེ་འཛིན་ཤེས་པ་འཁྲུལ་ཤེས་ཡིན་པར་གསུངས་པས། རྣམ་པ་རྣམས་ཤེས་པ་ཡིན་པ་ལ་འདྲ་ཡང་། གཏོད་བྱེད་ཕྱི་དོན་ཡོད་མེད་ཀྱིས་འཁྲུལ་མ་འཁྲུལ་ཕྱེ་དགོས་པར་གསུངས་སོ། །ཡང་དེ་ཉིད་ལས་མདོ་སྡེ་པའི་འདོད་པ་དེ་འགོགག་སྐབས་ས་བཅད་དུ། (ཀློང་ཆེན་མཛོད་བདུན། ར། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༦༧།) "དོན་སྤྱི་རྟོགས་པའི་དངོས་པོར་མི་འཐད་པ་དང་།" ཞེས་དང་། དེ་ཉིད་འཆད་ཚེ། "ལྔ་པ་ནི་དོན་སྤྱི་རྟོགས་པའི་དངོས་པོ་ཡིན་ན་སྐད་ཅིག་འདྲེས་པ་མེད་པར་འགྱུར་རོ།།" ཞེས་གསུངས་པས། གལ་ཏེ་ཁྱོད་ལྟར་མདོ་སྡེ་པས་དོན་སྤྱི་ཤེས་པ་མིན་པར་དངོས་མེད་རྟག་པ་རུ་ཁས་ལེན་ན། ཀུན་མཁྱེན་ཆེན་པོས་སྔ་རྒོལ་གྱི་འདོད་པ་བརྗོད་ཚེ། དོན་སྤྱི་རྟོགས་པའི་དངོས་པོར་མི་འཐད་པ་ཞེས་གཏན་ནས་གསུང་མི་རིགས་ཏེ། དེ་ལྟར་འདོད་མཁན་གྱི་སྐབས་ཀྱི་སྔ་རྒོལ་ཞིག་རང་སྡེའི་གྲུབ་མཐའ་སྨྲ་བའི་གྲལ་དུ་གཏན་མེད་པའི་ཕྱིར་རོ། །མེད་ཀྱང་བརྗོད་དོ་ཞེ་ན་གང་དགར་མཛོད།
ད་ནི་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའི་འདོད་པ་དག་གིས། རྣམ་བཅས་མདོ་སྡེ་པ་སོགས་ཐ་སྙད་དུ་ཤེས་པ་རྣམ་བཅས་སུ་ཁས་ལེན་པའི་གྲུབ་མཐའ་ཀུན་གྱི་ལུགས་ལ། སྤྱི་ཤེས་པ་ཡིན་པར་བསྒྲུབ་པར་བྱ་སྟེ། འདིར་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ནི། སྔར་བཤད་པ་ལྟར་སེམས་ཙམ་རྣམ་བདེན་པ་དང་རྣམ་བཅས་མདོ་སྡེ་པ་འདི་གཉིས་ཀྱི་རྩ་བའི་གྲུབ་མཐའི་ཁྱད་པར་ནི། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་འདོད་མི་འདོད་ཙམ་ལས། གཞན་ཁྱད་པར་མེད་ཚུལ་འཇམ་མགོན་བླ་མའི་རྒྱན་འགྲེལ་དང་། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་དང་། གྲུབ་མཐའ་མཛོད་གཉིས་ཆར་ལས། མདོ་སྡེ་པའི་སྐབས་རྣམ་བདེན་པ་དང་ཁྱད་མེད་དོ་ཞེས་དང་། དེའི་འདོད་པ་དག་རྣམ་བདེན་པར་འགོག་ཅེས་དང་། སེམས་ཙམ་རྣམ་བདེན་པའི་སྐབས་མདོ་སྡེ་པའི་སྐབས་སུ་བཀག་ཟིན་པར་གསུངས་པ་མཐའ་དག་གི་རྩ་བ་ནི། ཕྱི་དོན་འདོད་མི་འདོད་འདི་ཙམ་ལ་བཏུག་དགོས་སོ།།
དེས་ན། གྲུབ་མཐའ་མཛོད་ལས་སེམས་ཙམ་རྣམ་བདེན་པའི་འདོད་པ་བརྗོད་པའི་སྐབས། (ཀློང་ཆེན་མཛོད་བདུན། ར། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༧༤།) "རྣམ་བཅས་པ་ནི་གཟུགས་ཀྱི་གཞི་གཟུགས་སུ་སྣང་བ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཉིད་བག་ཆགས་གོམས་པས་གཟུགས་ཀྱི་རྣམ་པར་ཤར་བས་ཏེ། ཤེས་པ་ལས་རྫས་གཞན་མ་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པ་ཡུལ་ལྔར་སྣང་བ་དང་། སྒྲོ་བཏགས་པར་གྲགས་པའི་ཟླ་བ་གཉིས་ལ་སོགས་པའང་སྒོ་ལྔའི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ། །རྨི་ལམ་གྱི་གླང་ལ་སོགས་པའང་རྟོག་མེད་འཁྲུལ་པ་འཁོར་སེམས་བྱུང་དང་བཅས་པ་དེ་ལྟར་སྣང་བའོ། །དོན་སྤྱི་དང་སྒྲ་སྤྱིའང་ཡིད་རྟོག་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་སྤྱིའི་རྣམ་པར་སྣང་བ་ཡིན་པས། ཡང་དག་པར་ནི་ཤེས་པ་སྐད་ཅིག་མ་འདྲེས་པའི་ངོ་བོ་ཡིན་ཡང་། ཞེན་ཡུལ་མང་པོ་ལ་ཐུན་མོང་བའི་རྣམ་པར་སྣང་བས་སྤྱི་ཞེས་བརྗོད་པར་ཟད་དོ།།" ཞེས་ཤིན་ཏུ་གསལ་བར་གསུངས་ཏེ། འདི་ལས་རྣམ་བདེན་པའི་ལུགས་ལ་ཤེས་བྱ་གཞི་ལྔ་ལས། དང་པོ་གཟུགས་ཀྱི་གཞི་ལས་གཟུགས་སྒྲ་སོགས་དོན་ལྔ་པོ་དང་། རྟོག་མེད་ངོར་སྣང་བའི་ཟླ་གཉིས་ལ་སོགས་པ་ནི། སྒོ་ལྔའི་རྣམ་ཤེས་དེ་དང་དེར་སྣང་བར་གསུངས་ཞིང་། ལུང་ཚན་གཉིས་པས་ནི། "དོན་སྤྱི་དང་སྒྲ་སྤྱིའང་ཡིད་རྟོག་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་སྤྱིའི་རྣམ་པར་སྣང་བ་ཡིན་པས།" ཞེས་ཡིད་ཤེས་རྟོག་པ་འཁོར་སེམས་འབྱུང་དང་བཅས་པ་དོན་སྤྱི་དང་སྒྲ་སྤྱིར་སྣང་བར་གསུངས་པས། དོན་དུ་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་དངོས་ཀྱི་བརྗོད་བྱ་དོན་སྤྱི་ཞེས། ཚད་མའི་གཞུང་དུ་གྲགས་པ་རྣམས་བློ་རྟོག་པ་རང་ཉིད་དེ་དག་གི་རྣམ་པར་སྣང་བ་ཡིན་པ་འདི། གྲུབ་མཐའ་འདིའི་བཞེད་པ་ཡིན་ལ། དེ་ལྟར་ན་དེ་དག་སྤྱི་རུ་འཇོག་ཚུལ་ཇི་ལྟར་ཡིན་ཞེས། རང་གཞན་གྱི་རྟོག་དཔྱོད་པ་ཀུན་ལ་འབྱུང་བའི་དོགས་པ་དེ་བསུས་ཏེ། ལན་དུ་ཡུལ་མང་པོ་ལ་ཐུན་མོང་བའི་རྣམ་པར་སྣང་བས་སྤྱི་ཞེས་བརྗོད་པར་ཟད་དོ། །ཞེས་ཡུལ་དུས་ཐུན་མོང་བར་སྣང་བས་ན་དེར་འཇོག་པར་ཚད་མ་དང་ཐུན་མོང་དུ་གསུངས་པས། འདི་ནི་མདོ་སེམས་གཉིས་ཀའི་བཞེད་པར་གསལ་ལོ། །དེ་ཡིན་ཏེ། མདོ་སྡེ་པ་དང་འདི་གཉིས་ལ་འདིའི་ཐད་གཅིག་གིས་རྣམ་པ་ཕྱི་དོན་རང་མཚན་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་ཞིང་། གཅིག་གིས་ཀུན་གཞི་ལ་བག་ཆགས་གོམས་པས་སྣང་བར་གསུངས་པའི་ཁྱད་པར་ལས། གང་ཤར་བའི་རྣམ་པ་རྣམས་ཤེས་པ་ཡིན་མཉམ་དུ་ཁས་ལེན་པ་གོང་དུ་བཤད་པ་ལྟར་གོ་ན་ལོག་རྟོག་སྐྱེ་བའི་གནས་མེད་དོ། །དེས་ན་སྤྱི་ཞེས་པ་བློ་ངོར་སྣང་ཚུལ་ལ་ལྟོས་ཏེ་འཇོག་དགོས་པས་དོན་དུ་ཤེས་པ་ཉིད་ཡུས་དུས་ཐུན་མོང་བར་སྣང་བའི་ཆ་ནས་དེར་བཞག་པ་ཙམ་ལས། ཤེས་པ་རང་ཉིད་ལས་ལོགས་སུ་རྫས་སུ་གྲུབ་པ་མེད་ལ། འདི་ལས་གཞན་དུ་སྤྱི་ཞེས་པ་དངོས་མེད་རྟག་པ་ཞིག་ཏུ་ཁས་ལེན་པ་དང་། རང་མཚན་དངོས་པོར་ཁས་ལེན་པ་ཀུན་མདོ་སེམས་ཀྱི་གྲུབ་མཐའི་གནད་མ་ཆུབ་པས་ཐ་སྙད་དུ་ཤེས་པས་ཡུལ་འཇལ་ཚུལ་ཇི་བཞིན་དུ་གོ་བ་བསྐལ་པའི་བར་དུ་རྒྱང་རིང་བར་མངོན་ནོ།།
གཞན་ཡང་དེ་ཉིད་ལས་དེའི་འདོད་པ་འགོག་སྐབས། (ཀློང་ཆེན་མཛོད་བདུན། ར། བླ་རུང་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༨༢།) "གཞུང་དེ་དག་ཀྱང་ཉན་ཐོས་ལས་ཅུང་ཟད་འཕགས་ཀྱང་། ད་དུང་བཟང་པོ་མ་ཡིན་པས་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་སྣང་བ་སེམས་སུ་མི་འཐད། ཀུན་བརྟགས་མི་འཐད། བདག་མེད་པ་ལ་ཐ་སྙད་མི་རུང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི་མདོ་སྡེ་པ་བཀག་པའི་སྐབས་སུ་བརྗོད་ཟིན་ཏོ། །གཉིས་པ་ནི་ཟླ་གཉིས་ཀྱི་རྣམ་པ་དང་། དོན་སྤྱི་ལ་སོགས་པ་ཤེས་པའི་དངོས་པོ་ཡིན་ན། ཞེས་ཤེས་པའི་དངོས་པོར་འདོད་པ་སྔ་རྒོལ་གྱི་འདོད་པར་བཀོད་དེ། དེ་ལ་སྐྱོན་བརྗོད་བྱས་འདུག་པས་སོ། །དེ་ལྟར་འཕགས་ཡུལ་དུ་རྟོག་གེ་ཀུན་གྱི་གཙུག་གི་ནོར་བུར་གྲགས་པའི་དཔལ་ཆོས་ཀྱི་གྲགས་པ་དང་། གངས་རིའི་ལྗོངས་སུ་སྔ་ཕྱིར་བྱུང་བའི་མཁས་གྲུབ་ཀུན་གྱི་གཙུག་རྒྱན། ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་པ། འཇམ་མགོན་མི་ཕམ་རྒྱ་མཚོ་རྣམས་ཀྱིས། བློ་ངོ་ལ་སྣང་བའི་རྣམ་པ་མཐའ་དག་དོན་རང་མཚན་ལྟ་བུའི་སྣང་བ། དོན་སྤྱིའི་སྣང་བ། མེད་པ་གསལ་སྣང་སྟེ། རིགས་གསུམ་དུ་བསྡུས་ནས། རིགས་གསུམ་གྱིས་བསྡུས་པའི་སྣང་བ་མཐའ་དག་ཤེས་པ་དངོས་ཡིན་པར་འདོད་པ་འདི། མདོ་སེམས་ཐུན་མོང་གི་བཞེད་པར་གསུངས་པ་འདི་དག་དཀྱུས་གཅིག་ཏུ་བམ་བསྒྲིགས་ཏེ་བཤད་པ་འདི་བཞིན་གོ་ན། ཡིན་མིན་ཐེ་ཚོམ་གྱི་དཔྱང་ཐག་ཀུན་ཀྱང་བྱེ་མའི་ཆང་བུ་ཞིག་པ་ལྟར་འགྱུར་ཞིང་། རྣམ་འགྲེལ་དང་ཀུན་མཁྱེན་རྒྱུད་པ་དང་བཅས་པས། འདིའི་ཐད་ཀྱི་དགོངས་པ་གང་ཡིན་ལྷང་ལ་འབུད་ངེས་པས། བློ་ལྡན་རྣམས་དགའ་བར་མཛོད་ཅིག
སྣ་མང་འདུ་འགོད་ལས་ཀྱིས་སུན་པའི་ཡིད། །
གཅིག་པུར་དབེན་པར་གནས་པའི་གཤིས་ལུགས་ཀྱིས། །
ཐོས་པའི་ཚིག་རིས་སྣ་ཚོགས་བསགས་པ་ལས། །
མི་མིན་སྤྲ་ཡི་ལད་མོ་འདི་ལྟར་བྱས། །
ནོམ་པའི་རྒྱུ་དང་ངག་གི་ཕོ་ཉ་ཡིས། །
སྐུལ་བའི་སྐྱེས་བུ་སུ་ཡང་མ་མཆིས་ཀྱང་། །
བརྗེད་ངེས་རྐུན་པོ་འདི་ཡིས་བསླུས་དྲག་པས། །
མི་བརྗེད་ཚིག་གི་གོ་ཁྲབ་འདི་བྱས་སོ། །
ཞེས་པ་འདི་དཔེ་ཀློག་སྤྱི་དང་ཁྱད་པར་ཀུན་མཁྱེན་ཆེན་པོའི་གཞུང་དང་། འཇམ་མགོན་མི་ཕམ་པའི་གསུང་རབ་རྣམས་མཇལ་བའི་སྐབས། ལུང་ཐོ་བརྗེད་བྱང་དུ་འགོད་པའི་བག་ཆགས་ཤིག་ཤུགས་ཀྱིས་ཆགས་པ་ལས། དོན་སྤྱིའི་སྐོར་གྱི་ལུང་རྣམས་ཁོམ་སྐབས་དང་བསྟུན། དཀྱུས་གཅིག་ཏུ་བམ་བསྒྲིགས་པ་ལགས། ༢༠༢༢/༡/༡༥ ལ་རིན་ཆེན་མཚུངས་མེད་ནས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།