རྩོམ་པ་པོ།: རྒྱལ་མོའི་འོད་དཀར།
ཡོང་ཁུངས།: རྒྱལ་མོའི་ཡུམ་ཚེ་རིང་གི་འཕྲིན་སྟེགས།
ཀྱེ་ཧུད་་་་་་་་
སྦྲགས་སྐད།
ཁྱེད་ནི་མི་གཙང་བའི་མཁའ་དབུགས་སྟུག་པོ་ཞིག་སྟེ།
ཁ་རོག་གེར་འཇབ་འོངས་ཏེ།
ལྷད་མེད་དག་གཙང་གི་མཐོ་སྒང་འདིར།
ལྷ་ཡུལ་ལྟ་བུའི་ཞིང་ཁམས་འདིར་འོངས་ཏེ།
ཀྱེ་ཧུད་་་་་་
ཁྱེད་ནི་བལྟ་འདོད་དང་མྱོང་སྣང་གིས་བཏེགས་ཏེ་ཐོན་པའི།
ཧམ་སེམས་དང་གད་སྙིགས་འཁུར་བའི་ལྗོངས་རྒྱུ་བ་ཞིག་དང་འདྲ་བར།
ངའི་ཕ་སྐད་ཀྱི་མཁའ་དབྱིངས་སུ་ཁྱབ་ནས།
དྭངས་ཤིང་དྲི་མ་མེད་པའི་ཕ་སྐད་ཀྱི་མཁའ་དབུགས་ལ།
འབག་བཙོག་བཟོས་སོང་།
ཀྱེ་ཧུད་་་་་་་
ཁྱེད་ནི་བཅོས་དཀའ་བའི་ཨེ་ཙིའི་ནད་དང་འདྲ་བར།
བདག་ཅག་གི་ལུས་སྟེང་དུ་འགོས་ཏེ།
ངའི་ལྷད་མེད་ཕ་སྐད་ཀྱི་བདེ་ཐང་འཕྲོག་སོང་།
སྦྲགས་སྐད།
ཁྱེད་ནི་ད་ལྟའི་ངེད་ཅག་ལ་མི་མཁོ་བའི་དུག་རྫས་ཤིག་དང་འདྲ་བར།
ཕ་སྐད་ཀྱི་གཙང་བོའི་ནང་དུ་འདྲེས་ཏེ།
གངས་ཅན་པའི་ཕ་སྐད་ཀྱི་འཚོ་བཅུད་བཞིབས་སོང་།
སྦྲགས་སྐད།
ཁྱེད་ནི་གསེར་སྐུ་ཟངས་ལ་འགྱུར་བའི་ཆག་སྒོ་དང་།
སེང་གེ་ཁྱི་ལ་འགྱུར་བའི་བར་ཆད་དེ།
མི་རིགས་འདིའི་སྲོག་གི་རྒྱུ་བ་འགག་པར་བྱེད་པའི་ནད་ཡམས་ཤིག
སྦྲགས་སྐད།
ཁྱེད་ནི་བཅུ་དྲུག་ལང་ཚོས་སྙེམས་པའི་གཞོན་ནུ་རྩལ་དྲུག་དག་ལ་མི་མཁོ་བའི་སྙིགས་རོ་ཞིག
ཁྱེད་ནི་ལང་ཚོ་དར་ལ་བབ་པའི་རྫི་བོ་གཞོན་ནུ་དག་ལ་མི་མཁོ་བའི་གད་སྙིགས་ཤིག
ཁྱེད་ནི་མ་འོངས་བོད་གངས་ཅན་འཛུགས་སྐྲུན་བྱེད་པའི་ན་གཞོན་བློ་གསལ་དག་ལ་མི་མཁོ་བའི་སེམས་ཀྱི་ན་ཟུག་ཅིག
ཀྱེ་་་་་་་
ནོར་ནག་གི་རྨུག་རྗེས་དེད་དེ་མི་ཚེ་སྐྱེལ་བཞིན་པའི་རྫི་བོ་དང་།
རྩྭ་ཐང་ལ་མཛེས་སྡུག་སྩོལ་བའི་ཉི་གཞོན་དེ་འདྲེན་མཁན་གྱི་བློ་གསལ་རྣམས།
སྦྲགས་སྐད། རང་ལས་རྒྱང་དུ་བཀྱེད་དེ།
ལོ་རྒྱུས་ལ་ཕྱིར་རྟོག་བྱོས།
དངོས་ཡོད་ལ་གཟུ་བོར་ལྟོས།
འབྱུང་འགྱུར་ལ་མནོ་བསམ་ཐོངས།
ཕ་སྐད། རང་དང་ཉེ་བར་བསུ་རོགས།
གསན་བྱུང་ངམ།
མཐོང་བྱུང་ངམ།
ངའི་སྙིང་ཉེ་བའི་གངས་ལྗོངས་ཀྱི་གཞོན་ནུ་ལགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།