རྒྱལ་དབང་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་མཛད།
གནའ་སྔ་མོའི་དུས་སུ།
སེང་དཀར་མོའི་ཁྱུ་ཚོགས་མང་པོ་ཞིག
གངས་རི་ལ་གནས་བཅས་ནས་ཡོད་རབས་ཐོས།
འོན་ཀྱང་དེ་དག་
གཅིག་རྗེས་གཉིས་མཐུད་ཀྱིས།
གངས་རི་དང་ཞལ་གྱེས་ནས།
ཡུན་རིང་ཞིག་ལ་ཁ་བའི་ཁྲོད་དུ།
སེང་གེའི་སྦར་རྗེས་ཙམ་ལས་ལུས་མེད།
དེ་དུས།
བདག་མེད་ཀྱི་གངས་ཁྲོད་དུ།
རུས་གཟེར་རྒྱག་པའི་གྲང་ངར་དང་།
འོན་ཀྱང་།
སྐབས་ཤིག་ན་གློ་བུར་དུ་སེང་གེ་དར་མ་ཞིག་བྱུང་སྟེ།
དེས་རི་སུལ་འགེངས་པའི་གད་རྒྱངས་སྒྲོགས་ཐེངས་གཅིག་གིས།
འཁྱག་གྲིས་འཁུར་བའི་མི་རྣམས་ཀྱི།
ཚེ་སྲོག་ལ་དྲོད་དང་།
འཕར་ལྡིང་སོ་མ་ཞིག་འབྱིན།
སྙིང་ལ་གཟན་པའི་ཁྱི་སྤྱང་གི་ངུ་སྐད་ཀྱང་།
དེ་ནས་བཟུང་ཐོས་རྒྱུ་མེད་ལ།
ཁ་བའི་མེ་ཏོག་གི་ཟིལ་མ་རྣམས་ཀྱང་།
ཕྱོགས་བཅུར་དགའ་བས་འཕུར་ལྡིང་བྱེད་བཞིན་འདུག
སེང་གེ་དེ་ནི་ སྐྱེས་བུ་དམ་པ་ཁྱེད་ཡིན་ལ།
ལུང་རིག་སྨྲ་བའི་སེང་གེ་ཁྱེད་ཡིན།
ཁྱེད་ནི་ངེད་ཅག་གི་སེམས་ཁོང་དུ།
བརྗིད་ཆགས་པའི་སེང་ཆེན་གཅིག་པུ་དེ་ཡིན།
ཀྱེ་མིའི་སེང་གེ་ཁྱེད།
ད་དུང་།
ཟིལ་ཆེ་བའི་གཡུ་རལ་དང་།
དཔའ་རྔམས་པའི་མཆེ་སྡེར་བགྲད་ནས།
ནམ་ཡང་གངས་རིའི་དཔལ་དང་།
ངེད་ཅག་གི་མགོན་དུ་བཞུགས་ཤིག
དེ་ནི་ཁྱེད་ཀྱི་ཞལ་ཆད་ཅིག་ཡིན་ལ།
ངེད་ཅག་གི་རེ་སྨོན་གཅིག་པུ་དེ་ཡང་ཡིན།
ཡོངས་ཀྱི་དགེ་བའི་བཤེས་གཉེན། ༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་དུས་སྟོན་སྐབས། དཔལ་ཀརྨ་པའི་མཚན་ཙམ་འཛིན་པ། ཨོ་རྒྱན་ཕྲིན་ལས་ཞེས་པའི་སློབ་འབངས་ཐ་ཤལ་བ་དེས་ཉམས་དགའི་ཚུལ་དུ་སྨོན་པའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།