ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༡༧ ཉིན་བསླབ་པ་ཀུན་བཏུས་ཀྱི་བཀའ་ཆོས་ཀྱི་ཞོར་འཕྲོས།
གསུང་བ་པོ།: མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ཟིན་ཕབ་པ།: ཚྭ་ནག་གདུང་སེལ།
ཅི་ཞིག་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་རེད་ཟེར་ན། རྒྱ་བོད་ཧོར་གསུམ་གྱི་ས་ཆ་སྟོད་སྨད་གང་ཞིག་ལ་ཡོད་པ་ཡིན་ན། ཚོགས་པ་ཞིག་ཡིན་ན་འདྲ། མི་སྒེར་ཞིག་ཡིན་ན་འདྲ། ཡང་ན་ཆོས་སྡེ་ཞིག་ཡིན་ན་འདྲ། མདོར་ན་གང་ཞིག་ཡིན་ན་གྲག་འགུལ་རྩ་བ་ནས་མེད་པ་ཞིག་ཡིན་ན། དེའི་ཐོག་ལ་སྐྱོན་བཤད་ཡོང་མཁན་གཅིག་ཀྱང་ཡོད་མ་རེད།
མ་བཟང་ན་ཡང་བཟང་གི་ཟེར་ནས། ཁོ་རང་གི་གོང་ན་མེད་དུས་སུས་ཡིན་ན་བཟང་གི་མ་ཟེར་ན། དེ་ལ་སྐྱོན་བརྗོད་མཁན་ཞིག་ཡོད་ནི་མ་རེད། སུ་གཅིག་གིས་ཀྱང་སྐྱོན་བརྗོད་ན་མི་འདོད་ན། སུ་གཅིག་གི་མི་གོ་བར་བྱས་ནས་འདུག་དགོས་ནི་རེད། དེ་ལྟར་སྡོད་དང་སུ་གཅིག་གིས་ཀྱང་། སྐྱོན་བརྗོད་ནི་མ་རེད། མན་ངག་ངོ་མ་དེ་རེད། དེ་ལྟར་མ་ཡིན་པར་ཡང་ན་ཆོས། ཡང་ན་འཇིག་རྟེན། མདོར་ན་མི་ཐམས་ཅད་ཀྱིས་གོ་རྒྱུ་ཞིག་རེད་སོང་ན། དེ་རང་གིས་སྒྲུབ་པ་ཡིན་ན་འདྲ། གཞན་གྱིས་སྒྲུབ་པ་ཡིན་ན། གང་ལྟར་མི་མང་པོ་ཞིག་གིས་གོ་རྒྱུ་དང་ཚོར་རྒྱུ་ཡོད་པ་ཞིག་ལ་གྱུར་སོང་ན། དཔྱད་བརྗོད་དང་གླེང་བརྗོད་སྣ་ཚོགས་པ་ཞིག་ཡོད་པ་རེད། གླེང་བརྗོད་དེ་དག་གི་ནང་ན་བརྒྱ་ཆ་བརྒྱ་མི་འགྲིག་པར་ཟེར་གྱིན་ཡོད་མ་རེད། བརྒྱ་ཆ་བརྒྱ་འགྲིག་གི་ཡང་ཟེར་གྱིན་ཡོད་མ་རེད། དེའི་ནང་ནས་བརྒྱ་ཆ་གང་ལ་གང་འཚམས་ཤིག་མི་འགྲིག་པར་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད། ང་ཚོས་གོ་བཞིན་འདུག་པའང་དེ་དག་ཡིན་པ་རེད།
དབུ་མ་འཇུག་པ་ལས། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། །གསུངས་པ་ལྟར། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཏུ་ཡོང་བ་རེད་མ་གཏོགས། ང་ལ་སྣ་ནག་མ་མི་དགོས། ང་བཀྲ་ཤིས་ཏག་ཏག་དགོས་ཟེར་ན། དེ་ཡོང་ཁ་ཉན་ནི་མ་རེད་གསུངས་འདུག་མོད། དེ་ལྟ་ཡིན་ན་སུ་གཅིག་གིས་ཀྱང་མི་གོ་བར་བྱས་ནས་བསྡད་ན། བཀྲ་ཤིས་ཡང་ཡོང་ནི་མ་རེད། སྣ་ནག་མ་ཡང་ཡོང་ནི་མ་རེད། གང་ཡང་ཡོང་ནི་མ་རེད། དབེན་པའི་གནས་ཤིག་ན་འཇམ་ཅག་གེར་སུ་གཅིག་གིས་མི་གོ་བར་བྱས་ནས་བསྡད་པ་ཡིན་ན། གཅིག་བྱས་ན་སུ་གཅིག་གིས་ཀྱང་གོ་རྒྱུ་མེད་པ་ཞིག་བྱས་ནས་བསྡད་པ་ཡིན་ན། མཐར་སངས་རྒྱས་ནས་འཛམ་བུ་གླིང་གི་གོ་རྒྱུ་ཞིག་ལ་གྱུར་འགྲོ་བ་རེད།
དེ་འདྲ་མིན་ནས་བཟུང་སྟེ། ཆོས་སྡེ་ཞིག་ཡིན་ན། ཆོས་སྡེ་ཆེན་མོ། མི་ཞིག་ཡིན་ན་བྱ་བ་ལས་ཀ་ཀུན་གྱིས་གོ་བའི་བྱ་བ་མང་པོ་སྒྲུབ་མཁན། དེ་འདྲ་ཞིག་ཡིན་ནས་བཟུང་སྟེ། ཆབ་སྲིད་ཀྱི་ཕྱོགས་ནས་གོ་རྒྱུ་མྱོང་རྒྱུ་ཡོད་པ་ཞིག་ཡིན་ན་འདྲ། དཔལ་འབྱོར་གྱི་ཕྱོགས་ནས་གོ་རྒྱུ་མྱོང་རྒྱུ་ཡོད་པ་ཞིག་ཡིན་ན་འདྲ། ཡང་ན་དེ་ལས་གཞན་པའི་གྲགས་པ་དང་། དེ་འདྲའི་སྒོ་ནས་མི་མང་པོས་གོ་རྒྱུ་ཡོད་པ་ཞིག་ཡིན་ན། དེ་ལྟ་བུ་ལ། གླེང་བརྗོད་ཡོད་ནི་རེད། ང་ལ་གླེང་བརྗོད་ཡག་པོ་ཏག་ཏག་བྱེད་དགོས་མ་གཏོགས། གླེང་བརྗོད་བཙོག་པ་བྱེད་མི་ཉན་ཟེར་ན། ལུང་རིགས་གཉིས་ཀ་དང་འགལ་བ་རེད། ལུང་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན་ཟེར་བ་དེ་རེད། རིགས་པ་དངོས་པོའི་ཆོས་ཉིད་ཀྱི་རིགས་པ་དང་འགལ་བཞིན་ཡོད་པ་རེད།
དངོས་པོའི་ཆོས་ཉིད་ཀྱི་རིགས་པ་ནི། ཆོས་ཉིད་ཀྱི་རིགས་པ་ཡིན་པས། རིགས་པ་ལ་དེ་ལས་ལྷག་ཅིག་ཡོད་མ་རེད། དེ་འདྲ་རེད། ང་ལ་ངན་པ་ཞིག་ཟེར་གྱིན་འདུག ང་ཚོར་ངན་པ་ཞིག་ཟེར་གྱིན་འདུག་ཅེས། རྒ་རྒས་རྣམས་ཀྱང་འདུག་མི་བཟོད་པ་ལྟ་བུ་བྱུང་དགོས་དོན་ཡོད་མ་རེད། དེ་དངོས་པོའི་ཆོས་ཉིད་ཡིན་པ་རེད། དེ་ལྟར་ཟེར་ན་མི་འདོད་ན། བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས། "ཕོ་རོག་ཅིག་གིས་ཁ་ནང་ལ་ཤ་ཞིག་བཟུང་ནས་འགྲོ་བཞིན་པ་ན། ཕོ་རོག་ཡོངས་རྫོགས་ཀྱིས་དེའི་རྗེས་འདེད་ནས་འུར་རྒྱབ་བཞིན་པ་དེ། ཕོ་རོག་དེའི་ཁ་ནང་ལ་ཤ་ཞིག་བཟུང་ཡོད་པས་རེད། ཕོ་རོག་དེ་འདྲའི་མང་པོ་ཞིག་གི་རྗེས་འདེད་པར་མི་འདོད་ན། ཁ་ནང་གི་ཤ་དེ་བཏང་བཞག་ན། དེའི་རྗེས་ནས་སུ་གཅིག་གིས་ཀྱང་རྗེས་འདེད་པ་མ་རེད།" ཅེས་གསུངས་ཡོད་པ་བཞིན་རེད།
གོ་རྒྱུ་ཚོར་རྒྱུ་མེད་ས་དབེན་པའི་གནས་ལྟ་བུ་ཞིག་ཏུ། བཀའ་གདམས་གོང་མའི་དགེ་བའི་བཤེས་གཉེན་རྣམས་འདུག་པ་བཞིན་བསྡད་ན། ཁྱོད་སུ་གཅིག་གིས་ཀྱང་བཟང་གི་ཟེར་མཁན་ཡོད་མ་རེད། ངན་གི་ཟེར་མཁན་ཡང་ཡོད་མ་རེད། དེ་ལྟ་མིན་ནས་བཟུང་སྟེ། དངོས་པོའི་ཆོས་ཉིད་ཡིན་པས་ཡོད་པ་རེད། ཁྱད་པར་དུ་ཁ་སང་དེ་རིང་གི་དུས་ཚོད་ལྟ་བུ་ཞིག་ཡིན་ན། དེ་བས་ཀྱང་ཡོད་པ་རེད། དེ་ལྡོག་རྒྱུ་ཡོད་ནི་མ་རེད་། ལྡོག་རྒྱུ་མེད་ས་ཞིག་ལ་ལྡོག་རྒྱུ་ཨེ་ཡོད་ལྟ་དགོས་དོན་ཡང་ཡོད་མ་རེད། དེའི་ཕྱིར་རྣམ་པ་ཚོས་རབ་ན་བདེ་སྡུག་གཏོང་ལེན་དང་། བར་ཆད་དངོས་གྲུབ་ཏུ་ལེན་པ་དང་། འགལ་རྐྱེན་མཐུན་རྐྱེན་དུ་བསྒྱུར་བ། དེ་འདྲའི་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མ་ལ་སོགས་པའི་ནང་དུ་ཅི་འདྲའི་མང་པོ་གསུངས་འདུག རབ་ན་དེ་ལྟར་མཉམས་ལེན་གནང་དགོས་པ་རེད། དེ་ལྟར་མ་ནུས་ན་གོང་དུ་བཤད་པ་བཞིན་དེ་འཇིག་རྟེན་གྱི་ཆོས་ཉིད་རེད། དེ་ཟེར་རྒྱུ་རེད། ཡིན་ན་ཡང་དེ་ལྟར་ཟེར་རྒྱུ་རེད་ཟེར་ནས་བསྐྱུར་མི་འཇོག་པར། འདིའི་ནང་ལ་དངོས་གནས་ང་རང་གིས་མ་འཁྱོངས་ས་ཡོད་མེད་ལྟ་རྟོག་བྱས་ནས། ཡོད་ན་རང་གིས་བསྒྱུར་བཅོས་གཏོང་རྒྱུ། "གཞན་གྱིས་འདི་ལྟར་ང་ལ་བཤད་པས་རེད་མ་གཏོགས། མིན་ན་ངས་འདི་དག་ཧ་གོ་མི་འདུག བཀའ་དྲིན་ཆེ།" བསམ་ནས་འདུག་རྒྱུ་དང་། རང་ལ་སྐྱོན་དེ་འདྲ་མེད་ན་ཁོང་ཁྲོ་ལངས་ནས་ངས་མ་མྱོང་། མ་བཤད། མ་ལས་བཞིན་དུ་ང་ལ་སྡུག་བསྔལ་ཆེན་པོ་འདུག་བསམ་རྒྱུ་ཡོད་མ་རེད། དེ་དངོས་པོའི་ཆོས་ཉིད་རེད། དེ་འདྲ་ཞིག་ཡིན་པ་རེད། ཆོས་ཉིད་དེ་ལས་སུ་གཅིག་ཀྱང་བརྒལ་རྒྱུ་ཡོད་མ་རེད། གཞན་ཞིག་སུ་བརྒལ་ཐུབ། སངས་རྒྱས་བཅོམ་ལྡན་འདས་ཀྱང་། ཆོས་ཉིད་དེའི་ར་བའི་ནང་ནས་བརྒལ་ཐུབ་ཡོད་མ་རེད། སངས་རྒྱས་བཅོམ་ལྡན་འདས་ལའང་ཅི་འདྲའི་སྐུར་བ་འདེབས་མཁན་མང་པོ་འདུག དེ་འདྲ་རེད།
དེའི་ཕྱིར་ན་གུ་ཡངས་པོ་བྱས་ནས་བསྡད་ན། ཆོས་ཤིག་རེད་ཟེར་ན་ཆོག་གི། འཇིག་རྟེན་ཞིག་རེད་ཟེར་ན་ཆོག་གི། མ་མཐའ་ཡང་ཉེས་པ་བསག་དགོས་ནི་མ་རེད། དེ་འདྲ་གནང་རྒྱུ་གལ་ཆེན་རེད། འདི་དག་སྙིགས་མའི་དུས་སུ་ལྷག་ཏུ་མཉམས་ལེན་གལ་ཆེན་ཞིག་ཡིན། ཞེས་བཀའ་གདམས་གོང་མའི་ཆོས་རྣམས་སུ་གསུངས་པ་རེད། ཡིན་ཡང་རེད། སྤྱིར་སྙིགས་མའི་དུས་སུ་ལོས་ཡིན་ཏེ། ཁ་སང་དེ་རིང་གི་གནས་སྐབས་ན་དེ་བས་ཀྱང་གལ་ཆེན་པོ་ཡིན་པ་རེད། རྣམ་པ་ཐམས་ཅད་དེའི་ནང་ལ་ཞུགས་ཀི་མ་འདུག་མ་གཏོགས། ཉེས་པ་ངན་པ་བསག་ཡོང་འདུག ཆོས་སྤང་གི་ལས་བསག་པར་མ་ཟད། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ་པ་རེད། ཆོས་སྤང་གི་ལས་བསགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ་པ་ལས་ལྷག་པའི། ཆེད་དུ་བསམ་བཞིན་དུ་མི་དགེ་བ་དེའི་ཆེ་མེད་པ་དེ་ངས་སྒྲུབ་དགོས་བསམ་བཞིན་དུ་སྒྲུབ་ན། དེའི་ལྷག་ཅིག་བསྒྲུབ་རྒྱུ་དཀའ་བ་རེད། དེ་འདྲ་ཡིན་ན་རྣམ་པ་ཐམས་ཅད་ཀྱི་དེ་དག་ལ་གོ་བ་ཡག་པོ་ཞིག་ལེན་རོགས་བྱེད་རྒྱུ་གལ་ཆེན་པོ་ཡིན།
[སྒྲ་དེབ།] གྱེར་འདོན་པ།: ཀོང་སད།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།