(མདོ་ཁམས་ཁྱུང་པོའི་གྲྭ་གཞོན་རྩོམ་པ་པོ་ཤེལ་སྐྱེས་ཁྲི་གསེར་རིག་པའི་མདའ་མོས་བརྩམས་པའི་དུང་བརྗོད་སྙན་དེབ་«ཚངས་སྲས་མེ་ཏོག་»གི་ཀླད་དུ་སྤེལ་བའི་ཤིས་བརྗོད།)
འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།
དག་སྣང་དཀྱིལ་འཁོར་ཡངས་པའི་གནའ་གྲོང་ན། །
སྒྲོ་འདོགས་ཤོབ་པོ་ཆེ་ཡི་འུད་དབྱངས་མཐོ། །
བསམ་གྱིས་མི་ཁྱབ་ཅེས་པའི་རྡབ་ཞོགས་གསེང་། །
ཟོལ་མའི་གདོང་འབག་མཐུག་པའི་རྫུ་འཕྲུལ་གྱིས། །
རབ་བཏགས་གསོབ་ཚིག་སྣ་ཚོགས་འུར་བའི་དཀྱིལ། །
ཚོར་བ་སྒྲེན་མོར་འདོན་པའི་སྙིང་ཁམས་ཅན། །
སྒྱུ་རྩལ་དཔའ་བོ་ཁྲི་གསེར་རིག་པའི་མདའ། །
སྨན་ཆུང་ལྕང་ལོའི་ཉག་མ་མ་འབྱར་བའི། །
ངུར་སྨྲིག་མདོག་འཆང་གཟན་ཤམ་ཐུ་ཀློག་ནས། །
འཇེབས་པར་སྨྲས་པའི་སྙན་ངག་ཚོམ་བུ་དག །
ཚུལ་དང་ཁྲིམས་ཀྱིས་མ་བསྡམས་སྟབས་སུ་ལེགས། །
གངས་མོའི་ལང་ཚོའི་མཛེས་པ་བཏུངས་པ་ལས། །
བཙུན་ཆུང་དར་མའི་བློ་སེམས་སྦྲིད་པའི་རྐྱེན། །
དགའ་ཚོར་ཉམས་ཀྱིས་མྱོས་པའི་སེན་མོའི་རྗེས། །
སྒྱུ་རྩལ་བྲང་སྐྱེས་འོ་འཛིན་ངོས་སུ་དོད། །
མཐོ་སྒང་གངས་རིའི་གླུ་མ་གཞོན་ནུ་ཚོའི། །
ལྐོག་སྙན་གྲེ་བའི་འགྱུར་ཁུགས་སྣ་ཚོགས་ལ། །
ལོངས་སུ་རོལ་བས་བདེ་བའི་འཁུན་སྒྲ་ཡང་། །
སྡེ་ཚོགས་ཁྲོམ་པ་དག་གི་རྣ་བར་ལྷུང་། །
སེམས་ཚོར་ངོ་གྲུང་གླུ་རུ་བླངས་པའི་དབྱངས། །
སྤྲོ་དགའི་ཉམས་ཀྱིས་བྲོ་རུ་བརྡུངས་པའི་སྟབས། །
སྒྱུ་རྩལ་ཕབས་ལ་བསྙལ་བའི་ཆང་རྒོད་གླུམ། །
ཇི་སྙེད་བཙགས་ཀྱང་སྦང་མའི་སིངས་པོའང་ཞིམ། །
དག་སྣང་ཉེ་ཉེར་ཇི་ཙམ་བཅར་བ་ཡིས། །
དངོས་ཡོད་དེ་ཙམ་ཕར་ཕར་རིང་དུ་གྱེས། །
སེམས་ཀྱི་འཆར་སྒོར་ཕྱི་ནང་གསང་གསུམ་ལས། །
དོན་གྱི་དངོས་པོར་སྐོགས་དང་སྦུན་མ་བྲལ། །
སྦྱོར་སྒྲོལ་ཡར་འདྲེན་སྒྲོབ་བཤད་ཆེ་བའི་ནང་། །
རྫིང་ལམ་རྡུལ་ལམ་སོ་སོར་ཤེས་པ་དཀོན། །
གཡའ་ཆུ་འཛག་སའི་ཁུང་བུ་བཞི་པོ་དག །
བུད་མེད་རང་ལའང་རྒྱུས་མངའ་མེད་པར་གནས། །
དག་སྣང་ཞིང་ན་དེ་ཕོས་ངར་སྒོང་གཏོང་། །
དངོས་ཡོད་གླིང་ན་མཚའ་ལུའི་ཕོ་རྟགས་བུད། །
དེ་མཚུངས་ཁྱིམ་བྱ་དེ་མོ་ཆུ་མས་དབེན། །
སྒོ་ང་བཤང་བའི་ལམ་ནས་འཐོན་པ་དངོས། །
ཕ་ཝང་བྱ་མ་བྱི་ཉིད་སྒམ་ན་ཡང་། །
ཇི་ཙམ་འཁྲིག་པར་ཞུགས་ན་སྒོང་རྡོག་རྒྱས། །
རླིག་འབྲས་མཁྲང་བ་ཙམ་གྱིས་ཀླད་པ་འཁུམ། །
དགེ་འདུན་སྡེ་ལ་སྙན་པའི་གཏམ་དུ་འགྱུར། །
རྟོག་བཟོའི་འཆར་སྣང་རྒྱ་ཅན་ཕ་རོལ་གྱི། །
ཁྱིམ་གྱི་མདོ་དང་དགའ་བའི་བསྟན་བཅོས་ལས། །
གསང་བའི་སྒྱུ་རྩལ་འགའ་ལ་འདྲིས་པས་ཀྱང་། །
འཚོ་བར་ཁ་ཐོག་ལག་བཞག་ཕན་འདྲོང་སྨན། །
ནང་བཅུད་ལྷ་དང་ལྷ་མོའི་དག་སྣང་ཁྲོད། །
སྐྱེས་མའི་འགྲོ་དབང་འཕྲོག་པའི་མགོན་ཁང་མང་། །
སྒང་པ་བོད་ལ་བདེ་སྐྱིད་ལྡན་གྱུར་ན། །
རྒྱལ་པོ་བཙུན་མས་བྱས་ཀྱང་འགྲིག་པར་བསྙད། །
གང་གཱའི་ལྷ་མོས་ཕོ་ལུས་བླངས་པའི་རྗེས། །
གཞི་ནས་མངོན་སངས་རྒྱས་པར་བཀའ་འགྱུར་ལུང་། །
མི་ཆོས་གཙང་མ་བཅུ་དྲུག་བསྒྲགས་པའི་ནང་། །
སྐྱེས་མར་མ་བགྲོ་རང་ཐག་གཅོད་པར་བསྐུལ། །
ཆུང་རྨ་གཉོད་ཀྱིས་བླུ་བའི་སྲོལ་ངན་གྱིས། །
ཁྱི་དང་ནག་མོར་རྡུང་དགོས་ཁ་དཔེར་བཀོལ། །
བུ་མོ་ཁོ་ན་བཙས་པའི་སྐྱེད་མ་རྣམས། །
ཚང་ནག་མིང་བརྡས་གཙེར་ཞིང་ཁོལ་མོར་བཀོལ། །
སྡིག་པ་མི་དགེས་དབེན་པའི་མཐོ་སྒང་ན། །
མཚན་འགྲུལ་ཁྱི་རྡུང་བྱི་པོས་སྣགས་པའི་ལས། །
འགངས་ཆུང་སྣང་མེད་དཀྱུས་མར་བོར་བའི་སྲོལ། །
ཚབས་སུ་ཆེ་བས་སད་རྟོགས་དོ་གལ་ཆེ། །
མཁྱེན་པའི་གཙོ་མོ་ལྷ་མོ་དབྱངས་ཅན་མ། །
ནོར་གྱི་བདག་མོ་དཔལ་མོ་ནོར་རྒྱུན་མ། །
སྟོབས་ཀྱི་དབང་མོ་ནག་མོ་དཀའ་ཟློག་མ། །
རིག་བྱེད་སྐྱེས་པའི་ཁེངས་དྲེགས་ད་དུང་མཐོ། །
འཕགས་པའི་ཡུལ་དུ་ཡུགས་མོ་གསོན་པོར་སྲེག །
མི་རིགས་ནག་པོས་བུ་མོའི་མཚན་མ་འདྲུབ། །
ཁ་ཆེ་ཕལ་གྱིས་མནའ་མ་ཧྲིལ་གཏུམ་རྒྱག །
རྒྱ་ནག་ཕྱོགས་སུ་མཛེས་མའི་རྐང་མཛུབ་ལྟེབ། །
ཁྲམ་པ་ཟོག་པོ་འགྱིང་བའི་དུས་རབས་འདིར། །
རྫུན་དང་གཡོ་སྒྱུ་གཤོར་བར་ཕོད་ལྟ་ཞོག །
དྲང་པོ་ཁྲིམས་ལ་སྦྱོར་མཁན་མང་དྲགས་པས། །
དངོས་ཡོད་གྱོད་ལ་ཐོགས་པར་ཉེན་ཚབས་ཆེ། །
བློ་སྦུག་འཐུམས་པར་མི་སྡོད་ཤེལ་སྐྱེས་བུས། །
འཆག་འགྲེང་འདུག་ཉལ་སྒྱུ་རྩལ་ཁོ་ནར་བསྟིམས། །
དངོས་བྱུང་སེམས་ཚོར་གླེང་བའི་རྟུལ་ཕོད་ཀྱིས། །
རྫུ་བཟང་ཆོས་པའི་སེམས་པ་ཚེར་མར་བཏང་། །
ལུས་པོའི་ཕྱེད་ཀ་གཤེར་འཛིན་ཆུ་ལགས་ཀྱང་། །
མིག་ནས་ཟག་པའི་ཐིགས་པར་རིན་ཐང་ཆེ། །
རབ་འཛག་དྲི་ཆུར་རྩིས་དང་མཐོང་མེད་ཀྱང་། །
ཚོར་བ་སྐྱེན་པོས་འཆོར་ན་ངོ་མཚར་གནས། །
ལིང་ལིང་འཕག་ལ་རྡིག་རྡིག་གྲག་པ་ཡི། །
ངག་རིག་རྩལ་སྐྱེན་ཡང་བའི་དམར་ཆུང་སྙིང་། །
སྣང་ཤས་མིན་པའི་འདང་བརྩེ་བོད་མོ་ལ། །
དུངས་པས་«སྙན་དེབ་ཚངས་སྲས་མེ་ཏོག་»བཞད། །
མགོ་ལོག་དར་ལག་པད་མཚོ་སྙིང་ཁོང་བསྲེལ། །
ཡུལ་ཤུལ་རེ་བཟའ་བུ་མོ་པིར་རྩེས་བླངས། །
འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ག་ལ་བསྐྱུད། །
ཆོལ་གསུམ་མེ་ཏོག་ཟིལ་མངར་སེམས་ཀྱིས་བཞིབས། །
རྫི་གླུ་རིང་མོས་མུ་མེད་རྩྭ་ཐང་གཞལ། །
ལ་གཞས་ཚིག་ཞགས་རོགས་ལོའི་སྙིང་ཁར་འཕངས། །
ནང་མའི་སྟོད་གཞས་ཆང་ཕོར་ཁ་རུ་འཁྱིལ། །
དབྱངས་སྣ་འཛོམས་པའི་མགྲིན་རྟ་རྣ་བར་སིམ། །
ཕོ་མོར་ལྟ་ཚུལ་དོ་རུ་མ་བསྙམས་པས། །
གཟུ་དང་དྲང་པོའི་སྐལ་བ་ངང་གིས་ཆད། །
བསྟོད་ན་འོས་ཤིང་རན་པའི་བོད་མོའི་ཚོགས། །
ཐོབ་ཀྱི་སྐལ་དམྱིགས་དེ་རིང་འདི་ནས་བསབས། །
འདི་ནི་དྲང་བདེན་ཡུལ་པོར་སེམས་གསོ་ཞིག །
འདི་ཡིས་ཚུལ་འཆོས་སེམས་ལ་ཟ་འཕྲུག་བསླངས། །
འདི་ནི་དངོས་ཡོད་ཁེར་རྐྱར་གཞོགས་འདེགས་ཤིག །
འདི་ཡིས་བྱ་པའི་འཚོ་བར་རེ་བ་བསྐྱིལ། །
བརྡ་ཆད་རྙིང་པས་གཏམས་པའི་མཛོད་ཅིག་ཡོད། །
ཉམས་འགྱུར་ཚིག་ལ་བྱང་བའི་རྩལ་ཞིག་ཡོད། །
ཞུམ་དང་འཁུམ་པ་མེད་པའི་ཕོད་ ཅིག་ཡོད། །
ཤེལ་སྐྱེས་རིག་པའི་བུ་ལ་ལྗིད་ཅིག་ཡོད། །
ཅེས་པ་འདི་ནི་མདོ་ཁམས་ཁྱུང་པོའི་གྲྭ་གཞོན་རྩོམ་པ་པོ་ནམ་མཁའ་ལྷུན་གྲུབ་བམ། ཤེལ་སྐྱེས་ཁྲི་གསེར་རིག་པའི་མདའ་མོར་འབོད་པས་བརྩམས་པའི། སྙན་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་ལྔ་པ་དུང་བརྗོད་སྙན་དེབ། «ཚངས་སྲས་མེ་ཏོག་»གི་འགོ་རུ་བརྗོད་པའི་ཤིས་ཚིག་གི་ཟོལ་དུ་སྐུལ་ངོ་མ་ཟློག་ཙམ་ཞིག དོལ་པོའི་རྒྱལ་ཁམས་པ་ཆེན་པོ་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པས། “མཛེས་བྱེད་”(ཆུ་མོ་ཡོས་ལོ་)རྫོགས་ནས། “ཁྲོ་མོ་”(ཤིང་ཕོ་འབྲུག་ལོ་)ཤར་ལ་ཉེ་བ་སྟེ་ ༢༠༢༤།༠༡།༢༨ ཉིན་བགྱིས་པའོ།། །།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།