རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 23 April 2024

དཔེ་ཀློག་གི་འདམ་གསེས་ལ་ནན་གྱིས་ཞུགས་རྗེས།

སྒོ་ཤེས་རབ་རྒྱ་མཚོ།
ཡོང་ཁུངས། ཀུན་ཕན་ཁ་བའི་འཕྲིན་སྟེགས། 


དཔེ་ཆར་ལྟ་སྟངས་ལེགས་པོ་ཞིག་ཤེས་དགོས་པ་ཡིན་ཏེ། གནས་གཅིག་དང་དུས་གཅིག་ཏུ། དཔེ་ཆ་གཅིག་ལ་མི་གཉིས་ཀྱིས་ཐུན་མོང་དུ་བལྟས་ན་ཡང་། དེ་གཉིས་ཀྱིས་དཔེ་ཆར་བལྟས་པའི་གྲུབ་འབྲས་ཀྱི་ཐད་ནས་ཡོངས་སུ་མི་མཚུངས་པ་ཞིག་བྱུང་གི་ཡོད་པ་རེད། དེ་ནི་ལྟ་མཁན་གཉིས་ཀའི་དབང་པོ་རྣོ་རྟུལ་ཁོ་ནས་ཡིན་པར་སྨྲས་ན། དོན་དངོས་དང་མི་མཐུན་པའི་བསམ་ཚུལ་ཞིག་སྟེ། ལྟ་མཁན་སོ་སོས་དཔེ་ཆར་ལྟ་སྟངས་མ་འདྲ་བ་ནི། དཔེ་ཀློག་གི་གྲུབ་འབྲས་ཐ་དད་པ་དེ་གཉིས་ཀྱི་འབྱུང་རྐྱེན་གཙོ་བོ་ཞིག་ཏུ་འཇོག་འོས། 

     ཇི་ལྟར་ཞེ་ན། མི་ལ་ལ་ཞིག་གི་དཔེ་ཆར་བལྟས་ཚེ། མིག་གིས་བལྟས་ ཡོད་པ་ཙམ་ལས་སེམས་ཀྱི་བལྟས་མེད་པས། དེའི་དཔེ་ཀློག་གི་སྤུས་ཚད་ཤིན་ཏུ་ཞན་ཏེ། ཡ་མ་ཡུན་ལ་དཔེ་ཆ་མདུན་ཐད་དུ་སྒྲིག་པ་ཙམ་ལས། བསམ་གཞིགས་ཀྱི་ནུས་པ་ཡོད་ཚད་རྒྱ་ཡན་དུ་ཤོར་ཟིན་པས། དེ་ནི་གཟུགས་བརྙན་ཙམ་གྱི་དཔེ་ཀློག་ཁོ་ན་ཡིན། དེ་བཞིན་དུ་ལ་ལ་ཞིག་གིས་སེམས་བཀུག་སྟེ་ལྟ་ཡི་ཡོད་མོད་ཀྱི། ཅུང་ཙམ་ངེས་རྒྱུ་ཁོ་ནར་གཙིགས་འཛིན་གྱིས། དཔེ་ཆའི་བརྗོད་དོན་ལ་རང་གིས་འཐད་མིན་གྱི་བརྟག་ཞིབ་བྱེད་རྒྱུའི་གོམས་པ་གཏན་བྲལ་ཏུ་གྱུར་འདུག དཔེ་ཀློག་བྱེད་ཚུལ་དེ་ཡི་སྤུས་ཚད་ཀྱང་ཞན་པར་སྨྲ་རིགས་ཏེ། མི་དེ་འདྲ་ལ་རྟག་ཏུ་དཔེ་ཆས་ཕར་རྒྱུགས་ཟེར་ན་ཚུར་རྒྱུགས་རྒྱུ་ཁོ་ན་ལས། རང་སྟོབས་ཀྱི་གོམ་ཁ་བརྟན་པོ་ཞིག་ཆགས་མི་ཐུབ་པས། དེ་ལྟ་བུའི་དཔེ་ཀློག་ཀྱང་རང་ཉིད་ལ་དབང་བའི་ཤེས་བྱ་རྣལ་མ་ཞིག་རྙེད་པའི་རྐྱེན་དུ་ནམ་ཡང་མི་འགྲོ་བའི་དཔེ་ཀློག་ཡིན་པར་སྙམ། 

     ཡང་རང་ཉིད་ལ་དབང་བའི་ཤེས་བྱ་ཞེས་པ་ཡང་། སུས་ཀྱང་ཤེས་མ་མྱོང་བ་ཞིག་རང་གིས་རྟོགས་དགོས་པའི་དོན་མ་ཡིན་ཏེ། མཁས་པ་སྔ་མས་བཤད་པའི་གནས་ལུགས་དང་གཏན་ཚིགས་ཤིག་གི་དོན་ཡིན་ན་ཡང་། དེ་ལ་རྐང་ཚུགས་པའི་གོ་བ་རྣམ་དག་ཅིག་རྙེད་པར་གྱུར་ཚེ། རང་ཉིད་ལ་དབང་བའི་ཤེས་བྱ་ངོ་མ་ཞིག་ཐོབ་པར་བརྩི་རུང་། ཡང་ལ་ལ་ཞིག་ནི། དཔེ་ཆར་ལྟ་ཡུན་རིང་དྲགས་ནས་ཁམས་དང་རྣམ་ཤེས་ཉོབ་ཟིན་ན་ཡང་། ད་དུང་ཨུ་ཚུགས་ཀྱིས་དཔེ་ཆར་ཅེར་ནས་སྡོད་པ་ལྟ་བུ་སྟེ། དཔེ་ཀློག་གི་རིགས་དེར་ཡང་བསྟན་བཅོས་ལ་མཇལ་བའི་ཆོས་ཀྱི་བྱིན་རླབས་ཤིག་ཡོད་སྲིད་མོད། སློབ་སྦྱོང་གི་ངོས་ནས་ནི་སྤུས་ཚད་ཞན་པའི་དཔེ་ཀློག་ཅིག་སྟེ། སོ་སོའི་བློ་རིག་གི་ནུས་ཤུགས་ལས་བརྒལ་བའི་སློབ་སྦྱོང་དེ་འདྲ་ནི། རང་ཉིད་ཕབ་པའི་རྒྱུ་རུ་འགྲོ་སྲིད་པས། ངལ་གསོ་རན་དུས་ངལ་གསོ་ཤེས་དགོས་པ་ཡང་སློབ་སྦྱོང་གི་རྩ་བའི་གནད་གཙོ་གྲས་ཤིག་ཡིན་པ་རེད། གོང་དུ་གསལ་བ་ལྟར། དཔེ་ཀློག་གི་གནས་སྐབས་སུ་བློ་མི་སྒྲིམ་པ་དང་། བསྒྲིམས་ཀྱང་ཚིག་ཙམ་ངེས་རྒྱུ་ཁོ་ནར་བསྒྲིམས་ཏེ། ནང་དོན་ལ་བསམ་གཞིགས་ལེགས་པོ་མི་བྱེད་པ་དང་། དཔེ་ཀློག་གི་དུས་རིང་དྲགས་ནས་ཁམས་ཉོབ་ན་ཡང་། ད་དུང་ཨུ་ཚུགས་བྱེད་པ་བཅས་གསུམ་པོ་ནི། དཔེ་ཀློག་གི་སྤུས་ཚད་ཞན་པའི་རྒྱུ་རྐྱེན་གཙོ་བོ་ཉིད་དོ་ཞེས་སྨྲ་བར་འདོད། 

     དེས་ན་སྤུས་ཚད་ལྡན་པའི་དཔེ་ཀློག་ཅིག་བྱ་བར་འདོད་ཚེ། དཔེ་ཀློག་གི་སྐབས་སུ་བློ་རིག་བསྒྲིམ་རྒྱུ་དང་། རང་དགར་གླེན་སྒྲིམ་མ་ཡིན་པར་དཔྱོད་པའི་ཤེས་རབ་ཀྱིས་རྩིས་ཟིན་པ་ཞིག་ཡོང་རྒྱུ་དང་། དེ་ཡང་ལུས་སེམས་བདེ་ཐང་གི་ཆོས་ཉིད་དང་མཐུན་དགོས་པ་ལས་ཚད་བརྒལ་བའི་སྡུག་རུས་སུ་འགྱུར་མི་རུང་སྟེ། སློབ་གཉེར་བ་རྣལ་མ་ཞིག་ལ་མཚོན་ན། དཔེ་ཆར་བལྟ་རྒྱུ་དེ་རང་གི་མི་ཚེའི་འཚོ་བའི་རྒྱུན་ཆགས་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་རྒྱུ་གཙོ་བོ་ཡིན་པ་ལས། མཚམས་ལན་རེར་ཉིན་མཚན་གཉིས་ཀར་ངལ་གསོ་མི་ཤེས་པ་ལྟ་བུ་རེ་བྱས་ཀྱང་། རྒྱུན་ཆགས་སུ་དཔེ་ཀློག་གི་གོམས་གཤིས་ཡལ་བར་འདོར་བ་ནི་ཆུ་ཡི་ཝུ་སོབ་ཁོ་ན་དང་མཚུངས་སོ།། 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།