རྩོམ་པ་པོ། སྒོ་ཤེས་རབ་རྒྱ་མཚོ།
ཡོང་ཁུངས། ཀུན་ཕན་ཁ་བའི་འཕྲིན་སྟེགས།
འཛམ་གླིང་གི་ནང་བསྟན་དར་བའི་ཡུལ་གྲུ་སྤྱིའི་དབང་དུ་བྱས་ན། ཉན་ཐོས་པའི་གྲུབ་མཐའ་དང་། ཐེག་ཆེན་གྱི་གྲུབ་མཐའ་གཉིས་ལས་སྔ་མ་ཤིན་ཏུ་ཁྱབ་ཆེ་སྟེ། ཐེག་ཆེན་ནི་བོད་དང་། སོག་པོ། རྒྱ་ནག་བཅས་ལ་དར་ཞིང་། ཁོ་རེ་ཡ་དང་ཉི་ཧོང་སོགས་སུའང་ཅུང་ཟད་དར་མོད། ཞིབ་ཏུ་བྱས་ན། རྒྱ་ནག་གི་ནང་བསྟན་གྱི་སྡེ་རུ་ཡང་ཐེག་ཆེན་དར་ཙམ་མ་གཏོགས་ཉན་ཐོས་པའི་ལྟ་སྤྱོད་ཤུགས་ཆེ་ས་རེད།
དེའི་ཕྱིར་ཁྱབ་ཆེ་ཆུང་ངོས་ནས་བལྟས་ཚེ། འཛམ་གླིང་སྤྱིའི་ནང་བསྟན་གྱི་གཙོ་རྒྱུགས་ཉན་ཐོས་ཀྱི་གྲུབ་མཐའ་དང་། ཐེག་ཆེན་ནི་ཡན་ལག་ཡིན་པས། ཕྱིའི་རྒྱལ་ཁབ་གཞན་དང་གཞན་དུ་འཛམ་གླིང་འདིའི་ཆོས་ལུགས་ཆེན་པོ་གསུམ་ཀའི་ལུང་གཙོ་བོ་གསུམ་བགྲང་དུས། ཁ་ཆེ་པའི་ལུང་«ཀོ་རན།»དང་། ཡེ་ཤུ་པའི་«དམ་པའི་གསུང་རབ།»དང་། ནང་པའི་«ཆོས་ཀྱི་ཚིགས་སུ་བཅད་པ།»གསུམ་རྩི་ཡི་ཡོད་སྐད་འདུག
ང་ཚོ་བོད་ལ་མཚོན་ན། ཐེག་པ་ཆེན་པོ་སྤྱི་དང་ལྷག་པར་གསང་སྔགས་ཤུགས་ཆེར་དར་བས། རང་རེའི་«བཀའ་འགྱུར་»ནང་གི་གཙོ་བོ་ལྟ་བུར་«འཇམ་དཔལ་མཚན་བརྗོད་»བཞག་ཡོད་པ་རེད། འོན་ཀྱང་། ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་གསུང་རབ་གཙོ་བོ་ཞིག་འཇོག་དགོས་ཚེ། «ཆོས་ཀྱི་ཚིགས་སུ་བཅད་པ།»ཉིད་ངོས་འཛིན་རྒྱུ་ནི། འཛམ་གླིང་སྤྱི་འགྲོས་ལྟ་བུར་ཆགས་ཟིན་པས། དེང་གི་སྒྲོས་ལྟར་བཤད་ན། མདོ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཚབ་མཚོན་བརྩམ་ཆོས་སུ་རྩི་ཡི་འདུག་ཕྱིར། དེའི་རིན་ཐང་ཆེ་ཆུང་སྨོས་མ་དགོས་པ་རེད།
རྒྱུ་མཚན་དེ་འདྲར་དགོངས་ནས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། མདོ་དེ་བོད་སྐད་དུ་བསྒྱུར་པ་ཡིན་ས་རེད་ལ། འགྱུར་ཧ་ཅང་ལེགས་ཤིང་། ཚིག་དོན་གཉིས་ཆ་ནས་ཡིད་འཕྲོག་པ་ཞིག་འདུག་པས། ཁྱེད་རྣམ་པས་མདོ་དེ་ལ་ཚར་རེ་མཇལ་ན་ཡག་པོ་ཡོད། མདོ་དེ་ནི་འཛམ་གླིང་གི་ནང་བསྟན་པའི་སྡེ་རུ་འཕྲིན་ལས་ཤིན་ཏུ་ཆེ་བའི་གསུང་རབ་གལ་བོ་ཞིག་ཏུ་ངེས་ཀྱང་། བོད་ཡུལ་དུ་འཕྲིན་ལས་དེ་ཙམ་འཕེལ་མེད། ང་ཚོས་ཐེག་པ་ཆེན་པོའི་ལུགས་སྤྱི་དང་། ཁྱད་པར་གསང་སྔགས་གཙོ་བོར་བྱེད་པས་དེ་ཙམ་དུ་མ་བརྩིས་པ་ཡིན་སྲིད་མོད། ད་ལྟའི་དུས་འདིར་རང་རེ་ལྟ་བུ་དབང་པོ་དམན་པ་རྣམས་ཀྱིས་ནི། མདོ་དེ་ལ་དོ་སྣང་བྱས་ན་ཕན་ཐོགས་ཆེ་བར་སྣང་།
མདོ་དེ་ཉིད་སྔ་མོ་ནས་ཕྱིའི་སྐད་རིགས་བརྒྱ་ལ་ཉེ་བའི་སྟེང་བསྒྱུར་ཟིན་པར་མ་ཟད། དེ་ལ་བལྟས་ནས་ཕྱི་གླིང་པ་མང་པོ་ནང་ཆོས་ལ་དད་པ་སྐྱེས་པའི་གཏམ་རྒྱུད་ཀྱང་བྱུང་བས། མདོ་འདི་ཧ་ཅང་གལ་འགངས་ཆེ་བ་སྨོས་མེད་ཡིན་ལ། འདིའི་རྒྱ་དཔེ་ནི་སྔོན་ནས་བོད་ལ་ཡོད་འདུག་པ་དེ་རེད།
«ཧི་མ་ལ་ཡའི་ཕར་ཚུར་།»ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།