རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 5 June 2024

འཇམ་མགོན་བླ་མ་དམ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེར་བསྟོད་སྨོན་མ་བཅོས་དབྱངས་ཀྱི་མཆོད་ཕྲེང་།

རྩོམ་པ་པོ།: མཁན་མུ་ར་ཀུན་བཟང་། 
ཡོང་ཁུངས།: སད་རན་འཕྲིན་སྟེགས། 


ཐུབ་པའི་བསྟན་ལ་ཐུབ་དབང་ཇི་བཞིན།།
ལེགས་བཤད་མགྲིན་པའི་རྫ་རྔ་དཀྲོལ་ཞིང་།།
མཛད་བཟང་སྲིད་ཞིའི་དཔལ་དུ་བརྗིད་པའི།།
སྐྱབས་གཅིག་མཚུངས་མེད་ཆོས་ཀྱི་རྒྱལ་པོ།།

དད་པའི་མཁའ་རུ་ལམ་མེར་བཞུགས་པའི།།
དགེ་ལེགས་སྣང་བའི་སྒོ་འཕར་ཕྱེས་དང་།།
གང་གི་རིགས་བདག་མི་ཕམ་འཇམ་དབྱངས།།
བསྟོད་ཚིག་དབྱངས་ཀྱིས་དབྱིངས་ནས་བསྐུལ་འདོད།།

ལུང་རིགས་གཡུ་རལ་མཁའ་རུ་གཡོ་ཞིང་།།
རྟོགས་པའི་རྩལ་ཆེན་ཁོང་ནས་རྒྱས་པའི།།
ཐུབ་བསྟན་གངས་དཀར་མཛེས་པའི་རྒྱན་གཅིག།
འཇམ་མགོན་བླ་མ་སྨྲ་བའི་སེང་ཆེན།།

རྒྱལ་ཀུན་ཡབ་གཅིག་བརྟན་པའི་འཁོར་ལོ།།
རྒྱལ་སྲས་གཞོན་ནུའི་རྣམ་པར་འཕྲུལ་པ།།
གཟུངས་སྤོབས་ཡོན་ཏན་བྱེ་བའི་གཏེར་མཛོད།།
མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ།།

གང་གི་གསང་གསུམ་མཛད་པའི་རོལ་རྩེད།།
དད་པའི་ཡིད་མཁར་ཉི་ཟླའི་ཟོལ་གྱིས།།
ཡུད་ཙམ་འགྱུ་བའི་སྐལ་བཟང་འདི་ཀོ།
བསྐལ་མང་བསོད་ནམས་དཔལ་ལས་འཁྲུངས་སྙམ།།

སྤྱིར་ན་རྒྱལ་བསྟན་གསལ་བའི་ཉི་མ།།
ཁྱད་པར་ཡང་གསང་བསྟན་པའི་སྲོག་ཤིང་།།
རྗེ་ཁྱེད་མི་མཇེད་ཞིང་འདིར་བྱོན་པས།།
སྟིགས་མའི་འགྲོ་རྣམས་སྐལ་བ་བཟང་ངོ་།།

ཁོ་བོ་ཐུབ་པའི་བསྟན་ལ་མཇལ་ཞིང་།།
ཁྱད་པར་ཁྱེད་གསུང་བདུད་རྩིའི་དཔལ་ལ།།
ངོམས་མེད་སྤྱོད་པའི་སྐལ་བཟང་བསམ་ན།།
ལེགས་བྱས་ནོར་གྱིས་དབུལ་བ་མིན་སྟམ།།

ཨེ་མ་མི་ཕམ་མཁྱེན་པའི་ཉི་མ།།
རྒྱལ་སྲས་བྱང་སེམས་སྨྲ་བའི་ཟླ་བ།།
སྙིང་ལ་གཟི་བྱིན་འབར་བར་བཞུགས་ན།།
ཡིད་ཀྱི་མུན་པ་དབྱིངས་སུ་ཡལ་འགྲོ།།

འདི་སྣང་སྣ་ཚོགས་སྲིད་པའི་གར་སྟབས།།
ཚོགས་དྲུག་སྣང་བ་དབྱར་གྱི་འཇའ་ཚོན།།
འདི་ལྟར་འགྱུ་ཞིང་འགྱུར་བའི་ཀློང་ནས།།
ཁྱེད་དང་མཇལ་རྣམས་རབ་ཏུ་འཚེང་ངོ་།།

མ་ངེས་འཆར་སྣང་འགྱུ་བའི་གློག་ཕྲེང་།།
གཏོལ་མེད་ལྟ་གྲུབ་སྟོན་གྱི་ཤིང་ལོ།།
སྣ་ཚོགས་དར་ཞིང་འཕེལ་བའི་ཁྲོད་ནས།།
ཁྱེད་གསུང་མཇལ་རྣམས་སྐལ་བ་བཟང་ངོ་།།

མདོ་སྔགས་རྒྱ་མཚོའི་ཟབ་གནད་མཐའ་དག།
རྡོ་རྗེ་དབྱངས་ཀྱི་དོ་ཧར་གྱེར་ཏེ།།
ངེས་ཤེས་སྒྲོན་མེ་བློ་ལ་སྤར་བའི།།
གཞལ་དཀའི་བཀའ་དྲིན་སྙིང་ལ་ལྕིའོ།།

མཁྱེན་རབ་མཐའ་བྲལ་ནམ་མཁའི་མཐོངས་སུ།།
ལེགས་བཤད་ཉི་ཟླའི་སྒྱུ་འཕྲུལ་རྩེན་པས།།
བློ་གྲོས་སྣང་བའི་གཏེར་སྒོ་ཕྱེས་པ།།
དྲན་ན་དད་སྤྲོས་རླབས་ཕྲེང་བརྩེགས་ཡོང་།།

དབུ་ཚད་རིགས་པའི་ཆུ་ཀླུང་མཐའ་དག།
གཞུང་བཟང་ཟླ་བའི་མ་མར་བསྐྱིལ་ཏེ།།
ལུང་རིགས་རླབས་ཕྲེང་རྒྱན་གྱིས་མཛེས་པ།།
འཇམ་དབྱངས་དགྱེས་པའི་དཔྱིད་དུ་ཆེའོ།།

ཡོན་ཏན་རིན་ཆེན་གཅིག་ཏུ་སྡུད་པའི།།
རྒྱལ་ཡུམ་མཁྱེན་པའི་གཏིང་ཟབ་རྒྱ་མཚོ།།
མངོན་རྟོགས་རིན་ཆེན་རྒྱན་གྱིས་གཏམས་པ།།
མཁས་གྲུབ་ཀླུ་དབང་བྱེ་བའི་བསྟི་གནས།།

ཐེག་མཆོག་བདུད་རྩིའི་ཟིལ་མངར་ཆགས་པའི།།
ངེས་དོན་གཏམ་གྱི་དགའ་སྟོན་འགྱེད་དེ།།
རྟོགས་པའི་ཕ་ཕོག་སྐལ་ལྡན་སྙིང་ལ།།
བསྩལ་བའི་བཀའ་དྲིན་ཇི་ལྟར་གཞལ་ནུས།།

གཞི་འབྲས་མི་ཕྱེད་ཆོས་སྐུའི་མཁའ་རུ།།
མཁྱེན་རབ་འོད་གསལ་དགྱེས་དགུར་རྩེན་ཞིང་།།
ཡང་གསང་སྙིང་པོའི་དྲོད་ཐིག་འཁྱིལ་བའི།།
གདམས་ཟབ་ནོར་བུའི་དཔལ་ལ་སུས་འགྲན།།

མདོར་ན་གང་ཐུགས་སྤྲིན་དཀར་ཀློང་ནས།།
ལེགས་བཤད་བདུད་རྩིའི་དགའ་སྟོན་འཇོ་ཞིང་།།
ལུང་རིགས་དབྱར་གྱི་རྔ་གསང་ལྡིར་བས།།
རྫོགས་ལྡན་དཔྱིད་དཔལ་མགྲོན་དུ་བསུས་ཡོད།།

བདག་ཀྱང་སྐྱེ་བའི་ཕྲེང་བ་ཀུན་ཏུ།།
གང་གི་ཞབས་ཟུང་སྤྱི་བོར་བསྙེན་ཏེ།།
ངེས་དོན་གཏམ་གྱིས་སྐྱེ་རྒུའི་ཡིད་ལ།།
དགེ་ལེགས་འོད་སྣང་སྤྲོ་བར་སྨོན་ནོ།།

ཁྱད་པར་ཁྱེད་ཐུགས་དགྱེས་པའི་དཔྱིད་དུ།།
མདོ་སྔགས་ཆོས་གྱི་དེ་ཉིད་སྨྲ་ལ།།
ཞུམ་པ་མེད་པའི་གཟུངས་སྤོབས་རྒྱས་ཤིང་།།
བསྟན་འགྲོའི་དོན་ལ་གཅིག་ཏུ་བརྩོན་ཤོག།

གང་དུ་སྐྱེས་ཀྱང་མགོན་པོ་ཁྱེད་ཉིད།།
དད་པའི་མཁའ་རུ་ལམ་མེར་བཞུགས་ཤིང་།།
དགོངས་བརྒྱུད་རྟོགས་པའི་ཕ་ཕོག་བསྩལ་ཏེ།།
མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྒྱས་ཤོག།

གང་གི་འགྲོ་འདུལ་སྤྲུལ་པའི་རོལ་གར།།
གང་དུ་བསྒྱུར་བའི་དགེ་ལེགས་སྣང་བའི།།
འོད་བཟང་སྟིང་ལ་སིམ་པའི་དཔལ་གྱིས།།
བྱང་ཆུབ་སྟིང་པོའི་བར་དུ་མ་གཏོང་།།


     འཇམ་མགོན་བླ་མ་དམ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པའི་ཀློང་མཛོད་ལས་རྡོལ་བའི། ཡང་ཟབ་ཀྱི་གདམས་པ་སྤྱི་དང་། བྱེ་བྲག་མདོ་སྔགས་རྒྱ་མཚོའི་ཉིང་བཅུད་གཅིག་ཏུ་བསྡུས་པ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། རྣམ་འགྲེལ་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར། མདོ་སྡེ་རྒྱན་གྱི་འགྲེལ་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། དབུ་མ་རྒྱུན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ། སྡུད་པ་རྒྱན་སྦྱར། གསང་སྙིང་ཕྱོགས་བཅུའི་མུན་སེལ་གྱི་འགྲེལ་པ་སྤྱི་དོན་འོད་གསལ་སྟིང་པོ་སོགས། ལེགས་གསུང་ངོ་མཚར་བ་དག་གི་སྣང་བས་བློ་གྲོས་གྱི་སྒོ་འཕར་ཅུང་ཙམ་ཕྱེས་པར་རློམས་པའི་སྟེམས་པ་ཅན། མགོན་པོ་གང་ལ་དད་འདུན་གྱི་མོས་གུམ་གཞན་ལས་མི་དམན་པ། ཡུལ་མདོ་སྨད་ཕྱོགས་ཀྱི་ལྡོམ་བུ་བ་མུ་ར་པདྨ་ཀུན་བཟང་དུ་འབོད་པས། འདི་འདྲ་ཞིག་རིང་ནས་འབྲི་འདུན་ཡོད་པའི་ཁར། དགེ་བའི་བཤེས་གཉེན་དམ་པ་པྲཛྙའི་མཚན་ཅན་མཆོག་གིས། སྐྱབས་གཅིག་འཁོར་ལོའི་མགོན་པོ་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཐུགས་དམ་གྱི་རྟེན་མཆོག་འཇམ་མགོན་བླ་མའི་སྐུ་བརྟན་ལ་དཔེ་བྱས་ཏེ། རྗེ་གང་གིས་ཐུགས་བཀོད་ལྟར་ཆེད་དུ་བཞེངས་ཤིང་། ། རབ་གནས་སོགས་ཀྱང་ཆོས་རྗེ་མཆོག་གིས་དངོས་སུ་གནང་བའི་སྐུ་བརྟན་ངོ་མཚར་བ། བྱིན་རླབས་ཀྱི་གཟི་བྱིན་འབར་བ་དེ་ཉིད་དམན་པ་བདག་ལ་དད་པའི་རྟེན་དུ་བསྩལ་བ་ན། དགའ་བ་དང་དད་པའི་སེམས་ཚོར་སྤྲ་མི་ཤེས་པ་ཞིག་གི་ངང་ནས་འཕྲལ་དུ་སྦྱར་བའོ། །འདིས་ཀྱང་འཇམ་མགོན་བླ་མ་དམ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་། སྐྱབས་གཅིག་དམ་པ་ཆོས་རྗེ་ཡིད་བཞིན་བུ་མཆོག་གིས་གང་འདུལ་འཕྲིན་ལས་ཀྱི་རོལ་བ་འབྱམས་སུ་ཀླས་པའི་དགེ་ལེགས་ཀྱི་སྣང་བ་དང་ནམ་ཡང་མི་འབྲལ་ཞིང་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ངེས་དོན་སྟིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པའི་རྒྱུ་རུ་འགྱུར་བར་སྨོན་ནོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།