རྩོམ་པ་པོ། ཁྲ་འཛུམ་དགའ། ལྷོ་རོང་།
༡༽ གདོད་མའི་བོན་ངོས་འཛིན་ཚུལ།
གདོད་མའི་བོན་ནི་གང་ཟག་ཆེ་གེ་མོས་སྲོལ་གཏོད་ལས་བྱུང་བ་མ་ཡིན་པར་རང་བྱུང་ཆོས་ལུགས་ཀྱི་སྣང་ཚུལ་ལས་རིམ་བཞིན་གདོད་མའི་མི་རྣམས་ཀྱི་བསམ་བློའི་ཆོས་ལུགས་ཤིག་ཏུ་འགྱུར་བར་བཤད་ཡོད།
དེ་ཡང་གདོད་མའི་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཏེ་ཉི་ཟླའི་འཁོར་སྐྱོད།
དུས་བཞིའི་འགྱུར་ལྡོག ཆར་འབབ་སྤྲིན་ལྡང་།
གཅན་གཟན་གྱི་གདུག་པ་ལ་སོགས་པས་རྐྱེན་གདོད་མའི་མི་རྣམས་བསམ་གཞིགས་ཀྱི་ནུས་པ་ཆེས་ཞན་པས་འཇིགས་སྣང་གི་སྣང་ཚུལ་དེ་དག་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅིག་ཡིན་པར་རྟོགས་མ་ཐུབ་པར་དེ་ལས་བརྒལ་བའི་སྟོབས་ཤུགས་ཤིག་ཡིན་པར་འདོད་དེ་ལྐོག་འགྱུར་གྱི་ལྷ་དང་འདྲེ་རུ་བརྩིས་ནས་དད་མོས་མཆོད་གསོལ་བྱེད་དེ་རང་བྱུང་གི་རི་ཆུ་ལ་དད་པ།
སྐྱེ་དངོས་ལ་དད་པའི་སྣང་ཚུལ་སོགས་བྱུང་བར་བཤད།
༢༽ བོན་ཞེས་པའི་གོ་དོན་མི་འདྲ་བ།
བོན་ཞེས་པའི་ཡིག་འབྲུ་འདིའི་གོ་དོན་ཐད་སྔ་རབས་ཀྱི་དཔེ་ཆ་དང་ཕྱིས་བྱོན་མཁས་པ་རྣམས་ཀྱིས་བཞེད་ལུགས་མི་མཐུན་པ་ཧ་ཅང་མང་ངོ་།།
དང་པོ། གང་ཟག་ལ་འཇུག་པའི་སྐོར།
“ཡར་གཡེན་གཉེན་པོ་བཅུ་གསུམ་འདུལ་བའི་བོན་པོ། དབལ་བོན་རོམ་པོ། ཡོག་བོན་གཏོ་རྒྱལ།
ཁྲིན་བོན་ཕྱྭ་སངས། གཉེར་བོན་གཏོ་ཆེན། འོལ་བོན་འབྲང་ཟུང་། འཚམས་བོན་ཡོ་འཁྲུགས།
དམུ་བོན་ཡེའུ་ཏན། བདུད་བོན་ཚབ་ལྕགས། བཙན་བོན་མཚལ་ལྕགས། སྲིད་བོན་མུ་ཅོ།
བསྐོས་བོན་གཙུག་སྲས། ཕྱྭ་བོན་ཐེའུ་ལེགས། ལྷ་བོན་ཐོད་དཀར་དང་ཐབས་གཅིག་ཏུ་བཞུགས་སོ།
།”ཞེས་དང་ཀླུ་བོན་དབྱར་སྙ། འདྲེ་བོན་གྱེར་མཁས། གཉན་བོན་ཐང་ཐང་ཁྲོལ་བ།
བཙན་བོན་དུམ་པ་མཚལ་ལྕགས། བདུད་བོན་ཁ་ཏ་འགྲེང་ཡུག
སྨན་བོན་འབྲང་ཐང་ལ་སོགས་པ་མང་དུ་འབྱུང་བའི་ཐ་སྙད་འདི་དག་ནང་གི་བོན་ཞེས་པར་ཅུང་ཙམ་དཔྱད་ན་ཕལ་ཆེར་བ་གང་ཟག་ལ་གོ་བ་ལྟ་བུ་སྣང་སྟེ་གདོད་མའི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་འགྲོགས་པའི་ལྷ་ཀླུ་གཉན་གསོལ་བྱེད་མཁན་དང་དེའི་ཐུགས་དམ་སྐོང་བྱེད་ཀྱི་གཏོ་ཆོག་རིམ་གྲོ་སྒྲུབ་མཁན་གང་ཟག་སྟེ་བོན་པོ་ལ་མང་དུ་འཇུག་འདུག
གཉིས་པ། གསུང་རབ་ལ་འཇུག་པ།
མཁན་ཉི་མས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་ནང་དུ་“སྟོན་པའི་བོན་སྒོ་བཞི་མཛོད་ལྔ་གསུང་།”
ཞེས་དང་། ད་དུང་མདོ་ལས།“སྤྱི་རུ་ཐེག་པ་རིམ་དགུ་དང་། ། སྒོས་སུ་གསས་མཁར་སུམ་བརྒྱ། །
ཡང་སྒོས་བརྒྱད་ཁྲི་བཞི་སྟོང་།
།གསུང་ཡོད་པའི་བོན་ཞེས་པའི་ཡིག་འབྲུ་འདི་གསུང་རབ་དང་གསས་མཁར་སོགས་ཀྱི་དོན་ལའང་འཇུག་པར་བཤད་དོ།།
གསུམ་པ།
ཀུན་མཁྱེན་ཤར་རྫ་པས་མཛད་པའི་ལེགས་བཤད་མཛོད་ནང་གནའ་དུས་གངས་ཅན་པའི་ཡུལ་གྲུ་འདིར་བོན་གྱི་ཆོས་ལུགས་ཁོ་ནར་དར་བའི་རྒྱུ་མཚན་གྱིས་ཡུལ་ཁམས་དེལང་བོན་ཁམས་ཞེས་འབོད་པ་དང་བོན་དང་བོད་གཉིས་གོ་དོན་གཅིག་པ་ལྟ་ཚུལ་བཏོན་གནང་ཞིང་གནའ་དུས་རྗེས་འཇུག་ད་ན་གཉིས་ཕན་ཚུལ་རེས་མོལ་བཀོལ་དེ་བྲིས་ཡོད་པ་ནི་ཧ་ཅང་མང་སྟེ་དཔེར་ན།
བོན་ཁམས། བོད་ཁམས། བཙན་པོ། བཙད་པོ། ཆུན་པོ།
ཆུད་པོ་སོགས་རྗེས་འཇུག་ད་ན་གཉིས་བརྗེས་ཏེ་འབྲི་སྲོལ་ཡོད་འདུག
ཁོང་གི་ལྟ་ཚུལ་དེར་མཁས་མཁས་དབང་དགེ་ཆོས་ཀྱིས་དེབ་དཀར་ན་དུ་དགག་སྒྲུབ་ཕུང་གསུམ་པའི་ལྟ་ཚུལ་ཙམ་མ་གཏོགས་བཏོན་མེད།
བཞི་པ།
མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཏི་སེ་འོད་དང་དོན་འགྲུབ་ལྷ་རྒྱལ་གྱིས་སྒྲིག་པའི་བོན་གྱི་གྲུབ་མཐའ་སྤྱི་བཤད་སོགས་ཡིག་ཆ་ཁག་ཏུ་བོན་འདི་གནའ་བོའི་གདོད་མའི་བོན་པོ་ཚོས་འདོན་པ་ཟླས་པ་དང་གདངས་དབྱངས་གྱེར་བ་ལ་སོགས་ངག་གི་བྱེད་ལས་ཤིག་ཡིན་པ་དང་ཞང་སྐད་དུ་གྱེར་དང་སྨྲང་གྱེར་ཞེས་ཆོ་ག་རྣམས་དབྱངས་རིང་པོས་འདོན་པའི་དོན་ལ་འཇུག་པར་བཤད།
ལྔ་པ།
བོན་ཞེས་པ་ཤེས་བྱ་སྤྱི་ལ་འཇུག་པའི་བཤད་ཚུལ་ནི་གདོད་མའི་བོན་དེ་གཡུང་དྲུང་བོན་གྱི་ངོ་བོར་འཕེལ་རྒྱས་སོང་ཚར་བའི་དུས་རིམ་ནང་དུ་བྱུང་བ་ཞིག་ཡིན་པ་སེམས།
གཞུང་ལུགས་དེ་དག་ནང་གི་བོན་ཞེས་པ་སྣང་སྲིད་སྣོད་བཅུད་སྤྱི་དང་བསོད་ནམས། གསུང་རབ།
གང་ཟག འཁོར་འདས།
ཡིད་ཀྱི་ཡུལ་སོགས་ལ་འཇུག་ཚུལ་བཤད་པ་ནི་ཕྱིས་སུ་བྱུང་བའི་གཡུང་དྲུང་བོན་གྱི་གཞུང་ལུགས་ནང་གི་སྐད་ཆ་ཞིག་ཡིན་པར་སེམས།
དྲུག་པ།
རྡོལ་འཁྱལ་བསྒྱུར་བོན་སྐོར། བོན་གྱི་ལོ་རྒྱུས་ནང་རྡོལ་བོན་དང་འཁྱལ་བོན།
བསྒྱུར་བོན་བཅས་དུས་རིམ་ཁག་གསུམ་དུ་དབྱེ་མཁན་དང་དཔྱད་གཏམ་ཐོག་མ་སྤེལ་མཁན་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན་པ་མཁས་པ་མང་ཆེ་བས་ངོས་འཛིན་གནང་མོད།
བླ་མ་འཇིག་རྟེན་མགོན་པོ་ཁོང་གི་བུ་སློབ་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཀྱི་གསུང་རྩོམ་གཉིས་དངོས་སུ་ཞིབ་བསྡུར་བྱས་ཏེ་ལོ་རྒྱུས་སྨྲ་བ་སྐུ་ཞབས་ལྷག་པ་བཀྲ་ཤིས་ལགས་ཀྱིས་དཔྱད་གཏམ་དེ་ཐོག་མར་སྤེལ་མཁན་བླ་མ་འཇིག་རྟེན་མགོན་པོ་མ་ཡིན་པར་ཁོང་གི་བུ་སློབ་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཡིན་པར་བཤད་ཡོད།
འདིའི་སྐོར་ཤེས་འདོད་ཀྱི་གང་ཟག་མཆིས་ན་«དགོངས་གཅིག་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ།»ཞེས་པའི་དེབ་དེར་བལྟ་བར་མཁྱེན།
དཔྱད་ཡིག་ནང་དོན།
❶《མདོ་གཟེར་མིག》ལས་དྲངས།
❷《ཕར་ཕྱིན་ཚིག་དོན་བཀའ་གནད་རབ་གསལ》ལས་དྲངས།
❸《མདོ》ལས་དྲངས།
❹《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》
❺《དེབ་ཐེར་དཀར་པོ》
❻《ཞང་བོད་ལོ་རྒྱུས་ཏི་སེ་འོད》
❼《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》
❽《འཇིག་རྟེན་མགོན་པོའི་གསུང་བཅུ་བཞི》
❾《སྣང་མཛད་ཡེ་ཤེས་སྒྲོན་མ》
①⓪《བོན་དང་གཡུང་དྲུང་བོན་གྱི་བྱུང་བ་བརྗོད་པ》
རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།