རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 26 April 2020

རང་ལ་གྲོས་འདྲིའི་གཏམ།

རྩོམ་པ་པོ། སྤྲུལ་སྐུ་ཚེ་རིང་དབང་འདུས

སྒྱུ་ལུས་གོག་པོ་མལ་ཁྲི་སྟེང་ནས་ལྷག།
སེམས་ཀྱི་རྟ་ཕོ་རྒྱལ་ཁམས་ཀུན་དུ་བསྐོར།།
ལུས་སེམས་གཉིས་ཀྱིས་འདུར་བརྒྱུགས་བྱེད་སྟངས་འདི།།
དོན་དངོས་རྨི་ལམ་ནང་གི་འཆར་ཡན་ཞིག།

བཟང་པོར་འཛིན་པའི་བསྟོད་ལུགས་ཏོག་ཏུ་བསྒྲེངས།།
ངན་ན་འཕྱ་སྨོད་འདམ་རྫབ་ཁྲོད་དུ་འཕེན།།
བསྟོད་སྨད་བར་ཀྱི་གསང་གཏམ་རིང་མོ་འདི།།
དོན་དངོས་གང་ཞིག་ཡིན་མིན་འཕྱང་མོ་ཉུག།


ལེགས་ན་འཛུམ་གྱིས་ཚེམས་ཕྲེང་མ་ལུས་སྟོན།།
ཉེས་ན་གདོང་གི་ཁྲོ་གཉེར་འཛུམ་མདངས་ཡལ།།
ལེགས་ཉེས་བསྟོད་སྨད་མཛའ་བ་འཁོར་བའི་གཤིས།།
ཨ་འཐས་སྒྱུ་མའི་འཕྲུལ་གྱིས་བསླུ་བྲིད་བྱས།།

ཡོད་མེད་རྗེས་སུ་གཅོད་པའི་རིག་སྨྲ་པས།།
གཞུང་ལུགས་བམ་མཐུག་མང་པོ་ལྕེ་རྩེར་འཇགས།།
འཁྲུལ་བའི་ལིང་ཏོག་ལ་ཞེན་ཁ་ལྕེའི་དབར།།
མཛུབ་མོ་གནམ་ལ་ཀེར་བའི་ཚུལ་སོམས་ཤིག།

དག་སྣང་དད་པའི་མྱུ་གུ་རང་རྒྱུད་ལ།།
སེམས་ཀྱི་ཞིང་སར་མ་སྐྱེས་སྒྲ་སྟོང་གི།
དྲག་ཆར་ཐོག་ལྟར་དབབ་པའི་བདག་འདྲ་ཚོས།།
སེམས་ལ་མ་འཇགས་ཁ་བདེའི་གློག་ཞགས་མྱུར།།

ཞོགས་པའི་སྐྱ་རེངས་ཕོ་ཉའི་མདུན་བསུས་ཤིང་།
ཉིན་བྱེད་ནུབ་རི་ཕག་ཏུ་མ་ཡིབ་དབར།།
རྐང་ལག་ས་གཞིར་བཙུགས་པའི་དོན་སྙིང་གང་།
རྗེས་སུ་བདས་ན་བྲང་ཁོག་ནན་གྱིས་བརྡུངས།།

གླིང་ཁར་འབུས་པའི་མེ་ཏོག་རྐང་གཅིག་མ།།
ཧོབ་ཀྱིས་བལྟས་ཚེ་འདྲེན་བྱེད་ཁུང་དུ་མཛེས།།
ཞིབ་ཀྱིས་གཞལ་དུས་ལག་པས་སྣ་ཁུང་བཀབ།།
ངང་ཚུལ་བསམས་ཚེ་སྲིད་པའི་སྣང་ལུགས་རྫོབ།།

བྱ་རྒྱལ་ཡིན་ན་མཁའ་དབྱིངས་འཕུར་ན་སྙམ།།
གསེར་ཉ་ཡིན་ན་ཆུ་ནང་འཛུལ་འགྲོ་བསམ།།
གང་དུ་བགྲོད་ཀྱང་ས་གཞི་ཚེར་མས་ཁེངས།།
རྐང་ལག་གང་དུ་སྤོ་མིན་མ་ཤེས་སོ།།

༢༠༢༠/༤/༢༦/

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།