![]() |
རྩོམ་པ་པོ། གསེར་བཟང་སྒྲོལ་མ། |
འདིར་གཙོ་བོ་སློབ་ཆུང་སློབ་མར་བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་དགོས་པ་གཞིར་བཟུང་ནས། དེའི་ཐབས་ལམ་དང་གནད་དོན་སོགས་ཀྱི་ཐད་བྲིས་ཡོད་དེ། ཚན་པ་དྲུག་གི་སྒོ་ནས་སློབ་མའི་བོད་ཡིག་གི་རྨང་གཞི་བརྟན་པོར་ཆགས་ཐབས་ཀྱི་ཐད་ལ། དགེ་རྒན་གྱི་འབད་པ་ཇི་ལྟར་བྱེད་དགོས་ཚུལ་གྱི་སྐོར་ཅུང་ཟད་དཔྱད་པའོ།།
བརྡ་ཆད་གཙོ་བོ།
སློབ་ཆུང་སློབ་མ། བོད་ཡིག་གི་རྨང་གཞི། ཐབས་ལམ།
སྔོན་འགྲོའི་གཏམ།
རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དགའ་ཞེན་ཟབ་མོ་ཡོད་པའི་དྲིན་ཆེན་གྱི་ཡུབ་ཡུམ་མམ་ལྷག་བསམ་ཟོལ་མེད་ཀྱི་དགེ་རྒན་དང་།
བོད་ཡོངས་ལ་ཁྱབ་པའི་རིག་པའི་དཔའ་བོ་གང་ཞིག་ཡིན་རུང་།
མི་རིགས་ཀྱི་མ་འོངས་པའི་རྟེན་སའམ་སྐད་དང་ཡི་གེའི་རྒྱུད་འཛིན་མཁན་ནི་སློབ་བུ་དག་ཡིན་པ་ཤེས་སྲིད།
དེ་བས་ཤེས་རིག་གི་སྐྱེད་ཚལ་འགྲིམས་པའི་སློབ་བུ་འདི་དག་ལ་ཆུང་དུས་ནས་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཇོག་རྒྱུ་ནི།
ཚང་མའི་རེ་བ་དང་འགན་འཁྲི་ཉག་གཅིག་ཡིན།
རང་ཉིད་ནི་ཆེས་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་ནའང་རང་རིགས་ཀྱི་སློབ་བུ་ཚོར་ཆུང་དུས་ནས་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་དང་མ་སྐུལ་དང་བླངས་ཀྱི་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད།
དང་པོ། སློབ་མའི་རྨང་གཞིའི་གནས་ཚུལ་སྐོར།
ཡིག་ངོ་གཅིག་ཀྱང་མི་ཟིན་པའི་སློབ་མ་ཞིག་ཆུང་དུས་ནས་བོད་སྐད་བོད་ཡིག་སྦྱོང་ཞིང་།
བོད་ཡིག་གི་རྨང་གཞི་བཟང་བོ་ཞིག་བསྐྲུན་ཐུབ་མིན་ནི། སློབ་ཁྲིད་ཀྱི་འགན་འཁུར་བཞིན་པའི་སློབ་ཆུང་གི་བོད་ཡིག་དགེ་རྒན་དག་ལ་རག་ལས་ཡོད།
དེ་ལས་དགེ་རྒན་གྱི་ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་འདི་ལག་ལེན་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་སྣང་།
སློབ་མ་ཚོར་བོད་ཡིག་གི་རྨང་གཞི་བཟང་པོ་ཞིག་ལྡན་ན་སློབ་མའི་མ་འོངས་བའི་མདུན་ལམ་ཡང་བདེ་སྐྱིད་དང་འོད་སྣང་ལྡན་ངེས། སློབ་མའི་མ་འོངས་པའི་མདུན་ལམ་ལ་བདེ་སྐྱིད་ཀྱི་འོད་སྣང་ལྡན་ཚེ་ང་ཚོའི་ཡོད་ཚད་ལ་གསོན་ཤུགས་རྒྱས་པ་ཡིན།
དེའི་ཕྱིར་སློབ་མའི་མ་འོངས་པའི་མདུན་ལམ་ཡོད་ཚད་ལ་གཞི་རྐང་ཡག་པོ་འཇོག་ཐུབ་མིན་དེ་སློབ་ཆུང་དགེ་རྒན་ལ་རག་ལས་ཡོད།
ད་ལྟ་ང་ཚོ་དགེ་རྒན་རྣམས་ཀྱིས་ན་ཆུང་བྱིས་པ་ཚོར་ཆུང་དུས་ནས་འབྲི་ཀློག་གི་འགོ་བརྩམས་ཏེ་སློབ་མས་ཡིག་ངོ་ཆོད་པ་དང་རིམ་བཞིན་ཚིག་གྲོགས་བཙལ་ཚུལ་བསླབས།
དེ་ནས་ཁ་སྐོང་འབྲི་ཚུལ་དང་ཚིག་སྒྲིག་སྟངས་སོགས་སློབ་ཀྱིན་ཡོད་ལ། དེ་དང་འབྲེལ་ཡོད་ཀྱི་སྦྱོང་གཞིའི་ལྷན་ཐབས་ཀྱང་མང་པོ་བཟོས་ཡོད་པ་རེད། ཁྱོད་ཚོས་བསམ་བློ་རེ་ཐོངས་དང་།
དེ་དག་ལ་ཕན་ནུས་ཅི་འདྲ་ཞིག་ཡོད་དམ།
དེས་སློབ་མ་ཚོར་བོད་ཡིག་གི་རྨང་གཞི་ལེགས་པོ་འཇོག་ཐུབ་ཀྱིན་ཡོད་དམ།
སློབ་ཆུང་ལོ་རིམ་དང་པོ་ནས་གཉིས་པའི་སློབ་མ་ཞིག་ལ་འདི་འདྲའི་སློབ་ཁྲིད་བྱེད་ཐབས་འགྲིག་ཡོད་དམ།
ང་ཚོ་བོད་ཡིག་དགེ་རྒན་རྣམ་པས་སྐད་རིགས་གཞན་གྱི་སློབ་ཁྲིད་བྱེད་ཐབས་ཁོ་ན་ལ་དོ་སྣང་བྱས་ནས།
རང་མི་རིགས་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ལ་ཞིབ་འཇུག་དང་བེད་སྤྱོད་མ་བྱས་ན་འགྲིག་གམ།
ད་ལྟ་ང་ཚོས་སྤྱོད་བཞིན་པའི་ཁྲིད་ཐབས་འདི་ནི་ལོ་རིམ་དང་པོ་ནས་གཉིས་པའི་སློབ་བུ་ཚོ་དང་འཚམ་པོ་ཞིག་རེད་དམ།
དགེ་རྒན་གྱིས་སློབ་མའི་དངོས་ཡོད་འཚོ་བ་དང་བསྟུན་ནས་སློབ་ཁྲིད་ཐད་ཀྱི་སྨྱན་མང་སྒྲིག་པ།
དགེ་སློབ་མཉམ་འབྲེལ་བྱས་ནས་ཁྲིད་ཆས་བཟོ་རྒྱུ་དང་ཁྲིད་ཆས་དེ་དག་གི་བེད་སྤྱོད་གནས་ལུགས་ཤེས་པ།
དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་ཁོར་ཡུག་དང་རིག་གནས་ཆུ་ཚད་ལ་བརྟེན་ནས་སློབ་དེབ་དང་རྒྱུགས་ཤོག་སོགས་སྒྲིག་ཐུབ་པ་བྱེད་རྒྱུ་ནི་གལ་ཆེ་སྟེ།
འདི་ནི་རང་གིས་ལོ་གཉིས་རིང་སློབ་ཁྲིད་བྱས་པའི་ཉམས་མྱོང་ཉུང་ཙམ་ལས་བརྗོད་པ་ཐུང་ངུ་ཞིག་ཡིན་ནོ།།
གཉིས་པ།
བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་པར་ཚང་དགོས་པའི་ཆ་རྐྱེན་དང་ཐབས་ལམ།
སྐད་རིགས་གཞན་གྱི་སློབ་ཁྲིད་བྱེད་ཐབས་སློབ་མ་ཆུང་ཆུང་འདི་དག་ལ་མཚོན་ན། སྦྱང་གཞིའི་ལྷན་ཐབས་འདི་ནི་འོས་འགན་ལྷན་ཐབས་ཤིག་ཏུ་གྱུར་ཡོད་ལ།
འདིས་སློབ་མའི་སྦྱང་གཞི་ཡིད་ལ་འཇོག་ཐུབ་པ་ཕར་ཞོག
མཐར་བསམ་བློ་དང་སེམས་ཁམས་ལ་སུན་པོ་བཟོས་ནས་སློབ་སྦྱོང་གི་དགའ་ཕྱོགས་དང་མོས་པ་སོགས་རྨེག་མེད་དུ་བཅོམ་པས།
ང་ཚོས་ཅིས་ཀྱང་སློབ་མས་བོད་ཡིག་སྦྱོང་ཐབས་དང་རྨང་གཞི་བཟང་པོ་འཇོག་ཐབས་ཡང་དག་ཅིག་འཚོལ་དགོས།
དེས་ན་རང་གི་སློབ་ཁྲིད་ཁྲོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་མྱོང་ཚོར་གཤམ་གསལ་ལྟར།
གཅིག རྨང་གཞི་བཟང་པོ་ཀློག་ནས་མགོ་འཛུགས་བྱ།
སློབ་མས་ཐ་སྙད་ཅིག་ཀྱང་ཀློག་མ་ཤེས་ན་གཞན་དག་དེ་ལས་ཀྱང་ཤེས་མི་སྲིད།
མིང་ཚིག་གམ་ཐ་སྙད་ཀློག་ཅེས་པ་ནི་གསལ་དག་མྱུར་གསུམ་འཛོམ་དགོས་ལ།
གསལ་ཞེས་པ་ནི་སྒྲ་གསལ་བོས་ཀློག་ཐུབ་པ། དག་ཞེས་པ་ནི་ཚིག་གི་འདོན་སྟངས་དག་མོ་ཡིན་པ།
མྱུར་ཞེས་པ་མིང་ཚིག་དག་ཁ་ལ་བྱང་བར་བྱས་ནས་ཀློག་ཐུབ་པར་བྱ་བའོ། །སློབ་བུ་དག་གིས་གསལ་དག་མྱུར་གསུམ་གྱི་སྒོ་ནས་སློབ་ཚན་ཞིག་ཀློག་ཤེས་ན་དེ་ནི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་གྱེར་འདོན་བདུད་རྩི་དང་ཁྱད་མེད།
སློབ་ཆུང་སློབ་མའི་ཀློག་གི་ནུས་པ་ཇི་ལྟར་འཕེལ་ཞེ་ན།
༡ སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་ལ་གཙོ་བོ་མིང་ཚིག་གི་ཕྲལ་ཀློག་ཡིན་ལ།
ཐོག་མར་དགེ་རྒན་གྱིས་མིང་ཚིག་དེ་དག་གི་ཡི་གེའི་གྲུབ་ཚུལ་ཏེ་མིང་གཞི་སྔོན་འཇུག་དང་དབྱངས་དང་མགོ་འདོགས་ཅན་ལ་སོགས་རེ་རེ་བཞིན་དུ་ཕྲལ་ཀློག་ཁྲིད་པ།
དེར་སློབ་མའི་ཕྲལ་ཀློག་སྒྲ་དག་མོ་དང་ཡི་གེའི་གྲུབ་ཚུལ་ཀློག་ཤེས་མཁན་དག་ལ་དགེ་རྒན་ཆུང་ཆུང་བྱེད་དུ་བཅུག་ནས་སློབ་སྦྱོང་གི་སྤྲོ་བ་སློང་བ་ཡང་གལ་ཆེའོ།
།ཉིན་རེའི་སློབ་ཁྲིད་སྐབས་ཀྱི་ཤེས་རིག་རྙིང་བ་བསྐྱར་སྦྱོང་ནི་སློབ་ཚན་སྔོན་མའི་ཐ་སྙད་གསར་བ་དག་ཡི་གེའི་གྲུབ་ཚུལ་གྱི་སྒོ་ནས་ཕྲལ་ཀློག་བྱ་རྒྱུ་དེ་ཡིན།
འདི་ལྟར་བྱས་ན་སློབ་མ་མང་ཤས་ཤིག་གི་ཀློག་འདོན་གྱི་ཆུ་ཚད་དེ་ཉིན་རེ་བཞིན་ཡར་རྒྱས་ཡོང་སྲིད།
༢ ལོ་རིམ་མཐོན་པོ་ལ་མཚོན་ན།
ཕྲལ་ཀློག་གི་རྨང་གཞི་བཟང་པོ་མངའ་བའི་སྟེང་གཙོ་བོ་སྦྱོར་ཀློག་གི་ཐད་ལ་འབད་དགོས།
སློབ་ཚན་གྱི་ཚིག་གི་གཅོད་མཚམས་འགྲིག་ལ་སྒྲ་དག་པོའི་སྒོ་ནས་སྦྱོར་ཀློག་ཐུབ་པ།
དགེ་རྒན་གྱིས་ནག་པང་ངོས་སུ་སློབ་ཚན་གྱི་ཁ་བྱང་འབྲི་དུས་སློབ་མ་ཚོས་རང་འགུལ་གྱིས་ཡི་གེའི་གྲུབ་ཚུལ་སྒོ་ནས་ཁ་བྱང་དེ་ཀློག་པ།
དེ་ནས་སློབ་ཚན་དེའི་ནང་གི་ཐ་སྙད་གསར་པ་ཡང་ཡི་གེའི་གྲུབ་ཚུལ་ལྟར་ཡང་དག་པར་ཀློག་ནུས་པ།
དགེ་རྒན་གྱིས་སློབ་ཚན་གྱི་སྦྱོར་ཀློག་སྔར་བཞིན་རྒྱུན་བསྐྱངས་ནས་ཁྲིད་དགོས་པ་མ་ཟད།
སློབ་སྔོན་གྱི་གྲ་སྒྲིག་ལ་བྱིས་པའི་ཀློག་ཡིག་དང་སློབ་མའི་བསླབ་བྱ་སོགས་སློབ་མའི་མི་གཞི་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཀློག་ཏུ་བཅུག་ནས་ཀློག་གི་ནུས་པ་སྐྱེད་སྲིང་བྱ་དགོས།
གཉིས། བྲིས་ལ་གཙོ་བོར་འཛིན་དགོས།
སྤྱིར་ལྷ་ས་སོགས་སུ་ལོ་རིམ་དང་པོ་ནས་བཟུང་དབུ་མེད་འབྲི་ཤེས་པ་དང་ཡིག་གཟུགས་སྦྱོང་བར་དོ་སྣང་བྱེད་ཀྱང་།
ས་ཆ་འདི་ཕྱོགས་ན་དེ་འདྲ་ཞིག་མིན།
དགེ་རྒན་གང་མང་ཞིག་གིས་དབུ་ཅན་གྱི་ཁམ་རིས་དང་དེའི་མིང་ལ་དོ་སྣང་བྱེད་བཞིན་མེད་པ་མ་ཟད།
ཐ་ན་དེའི་ཐད་ཀྱི་གོམས་གཤིས་སོགས་ཉམས་སོང་བ་འདྲ།
སློབ་མ་ཆུང་ཆུང་འདི་དག་གིས་ཡི་གེ་ཇི་ལྟར་འབྲི་དགོས་པ་གཏན་ནས་ཤེས་མེད་པའི་སྔོན་དུ། དགེ་རྒན་གྱིས་མིག་དཔེ་ཡག་པོ་བསྟན་ནས་དབུ་ཅན་གྱི་ཁམ་རིས་དང་དེའི་མིང་དག་ལེགས་པོར་ཁྲིད་པ་གལ་འགངས་ཆེ།
བྲིས་ལ་ཡང་དག་སྙོམས་མྱུར་གསུམ་འཛོམ་དགོས། བྲིས་དག་མོ་སྟེ་ཡིག་ནོར་ཉུང་བ།
སྙོམས་པ་སྟེ་ཡིག་འབྲུ་ལ་ཆེ་ཆུང་མེད་པ།
མྱུར་བ་སྟེ་ཟིན་བྲིས་སོགས་མྱུར་བར་འགོད་ནུས་པ།
དེ་ལྟ་བུའི་བྲིས་རྩལ་ཡོངས་སུ་འཛོམས་པར་ཆུང་དུས་ནས་འབད་པ་བྱེད་རྒྱུ་གལ།
ལོ་རིམ་དང་པོའི་སློབ་མ་ནི་བྲིས་ཀྱི་རྨང་གཞི་བཟང་པོ་འཇོག་པའི་དུས་སྐབས་ཡག་ཤོས་དེ་རེད་སྙམ།
དེ་བས་དགེ་རྒན་གྱིས་ཐོག་མར་ཀ་ཁ་ནས་མགོ་བརྩམས་ཏེ་གསལ་བྱེད་རེ་རེའི་སྨྱུག་རིམ་དང་དེའི་མིང་ལ་སོགས།
གཟབ་ནན་གྱིས་ཁྲིད་ནས་སློབ་མའི་རྒྱུད་དུ་ངེས་རྒྱུ་ཧ་ཅང་གལ་ཆེའོ། །ལོ་རིམ་དང་པོ་ནས་དབུ་ཅན་གྱི་ཁམ་རིས་དང་དེའི་མིང་སོགས་ལ་རྨང་གཞི་བརྟན་པོ་འཇོག་ཚར་རྗེས།
ལོ་རིམ་རེ་རེར་ཡིག་གཟུགས་གི་འགྱུར་བ་དེ་སྔོན་གྱི་རྨང་གཞི་དང་ཆུ་ཚད་ལ་བསྡུར་ནས་ཡང་བསྐྱར་ནོར་བཅོས་དང་མཛུབ་སྟོན་གནང་བ་སོགས་བྱེད་དགོས་སོ།།
གསུམ། འཛིན་སྐྱོར་གྱི་གལ་ཆེའི་རང་བཞིན།
ཤེས་བྱ་མང་པོ་གསོག་ཐུབ་མིན་དེ་ནི་བློ་ལ་བྱང་བར་བྱེད་ཐུབ་མིན་ལ་རག་ལས་ཏེ།
དཔེ་ཀློག་དང་བློར་འཛིན་ནི་སློབ་མའི་ཤེས་བྱ་གསོག་པ་དང་ཡོན་ཚད་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།
དཔེར་ན་སྔོན་གྱི་རྣམ་ཐར་དང་གསུང་རབ།
ལོ་རྒྱུས་དང་སྙན་རྩོམ་སོགས་ངེས་པར་དུ་ཡང་ཡང་བཀླགས་ནས་བློ་ལ་ངེས་ཅི་ཐུབ་བྱེད་དགོས།
འདི་ལྟར་ན་ད་གཟོད་ཤེས་བྱའི་སྒྲིག་གཞི་ཆགས་ཐུབ་པ་དང་བསམ་བློའི་ཆུ་ཚད་ཇེ་མཐོ་དང་། བོད་ཡིག་གི་རྨང་གཞི་བརྟན་པོར་འཇོག་ཐུབ།
ཉེ་བའི་དུས་ལ་བུ་མོ་ཞིག་གིས་གསོ་རིག་རྒྱུད་བཞི་ཆ་ཚང་བློ་སྐྱོར་བྱས་པ་ལྟ་བུ་རེད།
རྒྱ་ཡིག་སོགས་ལ་མཚོན་ན་ཡང་སུང་གི་སྙན་ཚིག་ལྟ་བུ་སློབ་མས་ངེས་པར་བློར་སྐྱོར་བྱེད་དགོས་པས་འཆར་གཞིའི་ནང་བཞག་འདུག དེ་བས་ནམ་རྒྱུན་སློབ་མ་ཚོར་བློར་སྐྱོར་གྱི་ལས་བྱ་བཀོད་སྒྲིག་བྱེད་དགོས་པ་མ་ཟད།
ནང་དོན་ཡང་གསལ་པོར་རྟོགས་ནས་བློར་བྱང་ཐུབ་ན་དེ་བས་ཀྱང་མཁོ་གལ་ཆེ།
ངེད་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམ་པས་སློབ་གཙོའི་རྒྱབ་སྐྱོར་འོག་ཏུ་བོད་ཡིག་བསླབ་དེབ་ལས་གཞན་བརྡ་སྤྲོད་རིག་པའི་སྒོ་འབྱེད་དང་།སློབ་མའི་བསླབ་བྱ།
བྱིས་པའི་ཀློག་ཡིག་བཅས་ཀྱི་དཔེ་དེབ་ཉོས་ནས་སློབ་བུ་ཚོར་བློར་འཛིན་དུ་འཇུག་པའི་འགོ་བརྩམས།
ལོ་རིམ་སོ་སོའི་སློབ་མའི་བོད་ཡིག་གི་ཆུ་ཚད་དང་བསྟུན་ནས་བློར་འཛིན་ཤེས་བྱ་བཀོད་སྒྲིག་བྱས་པ་དང་།
ནམ་རྒྱུན་བོད་ཡིག་ཚོགས་ཐུན་གྱི་སྐབས་སུ་དགེ་རྒན་གྱིས་སློབ་མར་སྦྱོར་ཀློག་ཁྲིད་ནས་ཀློག་ཤེས་པར་བྱེད་ལ།
གུང་གསེང་སྐབས་སུ་བློར་འཛིན་དགོས་པའི་རེ་འདུན་བཏོན་ཏེ་སློབ་འགོ་ཚུགས་ཐེངས་རེ་རེར་སློབ་བུ་ཚོས་བློ་རྒྱུགས་སྤྲད་པར་བོད་ཡིག་དགེ་རྒན་རྣམས་ཀྱིས་ནན་ཏན་སྒོས་ལྟ་ཞིབ་བྱེད་པ་ཡིན།
བཟང་པོར་བཟང་བསྟོད་དང་ངན་པར་ཆད་པ་ཞེས་པ་ལྟར་བློར་བཟུང་ཐུབ་མཁན་དང་ཡར་ཐོན་ཡོད་མཁན་དག་ལ་སློབ་སྦྱོང་གི་ཡོ་བྱད་སོགས་བྱ་དགའ་སྟེར་བཞིན་ཡོད།
བཞི་བ། དཔེ་ཀློག་གང་མང་བྱེད་པ་གལ་ཆེ།
ཉི་ཧོང་སོགས་སུ་ལོ་བཞི་ལྔའི་སྟེང་ནས་བཟུང་དཔེ་ཀློག་གི་མགོ་རྩོམ་པ་རེད།
ཡ་ཧུ་ད་པའི་དཔེ་ཀློག་ནི་འཛམ་གླིང་གི་རྩེ་གྲས་རེད། འོ་ན་ང་ཚོའི་སློབ་མ་རྣམས་ནི་རང་གི་ལག་ལ་བབ་པའི་སྐད་ཡིག་སློབ་དེབ་དེའང་ཡག་པོ་ཞིག་ཀློག་ཐུབ་གྱིན་མེད་ལ།
གཞན་རྩོམ་རིག་དང་སྒྲུང་གཏམ་སོགས་ཀྱི་དཔེ་ཆ་ཀློག་རྒྱུ་ནི་ཡིད་ལ་དྲན་ཡང་མ་མྱོང་བ་འདྲ།
འོ་ན་ན་ཆུང་སློབ་མ་འདི་དག་ལ་དཔེ་ཀློག་ལ་ཇི་ལྟར་གཞོལ་བ་དང་།
དཔེ་ཀློག་བྱེད་རྒྱུའི་མོས་པ་ཇི་ལྟར་སྐྱེད་སྲིངས་བྱ་དགོས་ཞེ་ན།
༡ ཐོག་མར།
སློབ་བུ་དག་གི་ཕ་མ་དང་དགེ་རྒན་ནི་ངེས་པར་དུ་སློབ་སྦྱོང་ལ་དགའ་བ་དང་།
རྒྱུན་པར་འཚོ་བའི་ཁྲོད་དཔེ་ཀློག་ལ་དགའ་ཞིང་སློབ་ཕྲུག་གི་མདུན་དུ་མིག་དཔེ་བཟང་པོ་སྟོན་ཐུབ་པ།
ཡང་ན་སློབ་མར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་དགོས།
འདི་ལྟར་བྱས་ན་སློབ་བུ་དག་ཀྱང་དཔེ་ཀློག་ལ་དགའ་ཞེན་དང་མོས་པ་ཡོད་སྲིད་དོ།།
༢ ན་ཆུང་བྱིས་པ་དག་ནི་དཔེ་ཀློག་གི་ལམ་བུར་གསར་དུ་ཞུགས་དགོས་པས་དེའི་ཡོན་ཏན་དང་ཕན་ནུས་སོགས་ཤེས་ཀྱིན་མེད།
དགེ་རྒན་གྱིས་ངེས་པར་དུ་དཔེ་ཀློག་གི་དགོས་པ་དང་དོན་སྙིང་སོགས་གསལ་བོར་བཤད་ནས་སློབ་མའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་འཇོག་དགོས།
༣ དགེ་རྒན་གྱིས་སློབ་མའི་ཆུ་ཚད་དང་ལོ་རིམ་ལ་གཞིགས་ནས་དཔེ་ཆ་ཉོས་སྤྲོད་བྱེད་པ།
སློབ་མས་དཔེ་ཀློག་ལ་འཇུག་རྗེས། དགེ་རྒན་གྱིས་དཔེ་ཀློག་བྱ་འགུལ་སོགས་སྤེལ་བ།
སྲོལ་རྒྱུན་རིག་གནས་ཀྱི་གནའ་གཏམ་དང་གླུ་ཤགས། བྱིས་སྒྲུང་། གཏམ་དཔེ་སོགས་ངག་ཐོག་ནས་བློར་སྐྱོར་བ།
རྒྱུན་ཤེས་གསར་བ་དང་ཤེས་བྱ་གསར་བའི་སྐོར་གྱི་འགྲན་སྡུར་བྱ་འགུལ་སྤེལ་བ།
འགྲན་བསྡུར་བྱས་རྗེས་སྐུལ་སློང་གི་ཚུལ་དུ་བྱ་དགའ་འབུལ་བ་སོགས་བྱས་ན་ཕན་ནུས་ཆེན་པོ་ལྡན་ནོ།།
དེ་ནས་དགེ་རྒན་གྱིས་རྒྱུན་དུ་འཚོ་བའི་ཁྲོད་དང་། སློབ་ཁྲིད་ཀྱི་བར་གསེང་སོགས་ཞར་ཞོར་དུ་སློབ་མ་ཚོ་རང་གི་གྲོགས་པོར་བརྩིས་ནས་དཔེ་ཀློག་གིས་རང་ཉིད་ལ་སྦྱིན་པའི་ཤེས་བྱ་དང་དགེ་མཚན་སོགས་བཤད་དགོས་ཤིང་།
སློབ་མར་སློབ་ཕྱིའི་དཔེ་དེབ་ཀློག་པའི་སྐུལ་འདེད་གཏོང་དགོས།
དགེ་རྒན་གྱིས་རང་གིས་བྲིས་པའི་དཔེ་ཀློག་ཟིན་བྲིས་དང་མྱོང་ཚོར་སོགས་སློབ་མར་ལྟ་རུ་བཅུག་ནས།
རྒྱུན་པར་དཔེ་ཀློག་ཟིན་བྲིས་འགོད་པའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས།
དཔེ་ཀློག་ཟིན་བྲིས་ནི་ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ་པ་ལྟ་བུ་ཤེས་རིག་གི་བང་མཛོད་གང་བ་ཡིན་པ་བཤད་དགོས།
ལྔ་བ། ཕ་སྐད་ཀྱི་འཕེལ་ཕྱོགས་དང་དོ་སྣང་།
མི་རིགས་གང་ཞིག་གི་མི་ཡིན་རུང་ཚང་མར་མི་རིགས་རང་གི་རིག་གནས་ཀྱི་ཁོངས་ནས་རིན་ཐང་གི་འདུ་ཤེས་དང་ལྡན་པའི་བྱེད་པོར་གྱུར་ཅིང་།
མིའི་རིག་གནས་ཀྱི་ཆ་ནི་མིའི་ངོ་བོ་ལས་མངོན་དགོས། མི་ཞིག་རིག་གནས་དང་བྲལ་ཚེ།
དེ་ནི་གདོད་མའི་རང་བྱུང་གི་དངོས་པོ་ཞིག་ཏུ་གྱུར་ཏེ་མིའི་ངོ་བོ་དང་ཡང་བྲལ།
མི་ལ་རིན་ཐང་ལྡན་པ་དང་རིན་ཐང་མངོན་འགྱུར་ཡོང་བ་ནི་རིག་གནས་ཀྱི་འདུ་ཤེས་སྐྱེས་པ་དང་།
འདུ་ཤེས་གསར་འཛུགས་དང་འདུ་ཤེས་ཇེ་བཟང་དུ་བཏང་ནས།
ལག་ལེན་དངོས་ཀྱི་ཁྲོད་རིན་ཐང་གི་རིག་ལམ་ལ་བརྟེན་ནས་ལེགས་ཉེས་ཤན་འབྱེད་དང་བླང་དོར་གྱི་ནུས་པ་ཐོན་པ་དེ་ཡིན་ཞེས་པ་ལྟར།
མི་རིགས་ཤིག་ལ་མཚོན་ན།
རང་གི་ཕ་སྐད་གཙང་མ་ཞིག་བཤད་རྒྱུ་དང་རིག་གནས་ཤེས་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་དང་འཚམ་ཞིང་དུས་མཐུན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་མ་མ་ལྟ་བུ་ཡིན་ཏེ།
ཕ་སྐད་ནི་མི་རིགས་འདིའི་ཚེ་སྲོག་ཡིན་ལ།
སློབ་བུ་ཚོར་རང་གི་བླ་སྲོག་ལ་དོ་སྣང་དང་དགའ་ཞེན་མེད་ན།མ་འོངས་པར་མུན་པའི་ལམ་དེ་ཇི་ལྟར་སེལ།
དེ་བས་ཕ་སྐད་མ་ཡིག་སྦྱོང་བར་འབད་པ་བྱས་ནས་ཕ་སྐད་མ་ཡིག་གི་བདག་པོར་གྱུར་ན་རང་གི་མ་འོངས་མདུན་ལམ་འོད་སྟོང་ལྡན་ལ་རང་མི་རིགས་ཀྱི་བཅུ་ཕྲག་རིག་གནས་དེ་ཉིད་མ་ཉམས་གོང་འཕེལ་གཏོང་ཐུབ་ངེས་ཡིན།
སློབ་བུ་ཚོ་ཕ་སྐད་གཙང་མ་བཤད་རྒྱུ་ལ་དགའ་ཞེན་ཡོད་མེད་དེ་ཐོག་མར་དགེ་རྒན་ལ་རག་ལས་ཡོད།
དགེ་རྒན་གྱི་ཀུན་སྤྱོད་དང་བྱ་བ་སྒྲུབ་སྟངས་ཡོད་ཚད་ཀྱིས་སློབ་མར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།
དེ་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སམ་རྒྱུན་པར་སློབ་མ་རྣམས་དང་ཁ་བརྡ་གླེང་སྐབས་ངེས་པར་དུ་ཕ་སྐད་གཙང་མ་བཤད་དགོས་པ་མ་ཚད།
ཕ་སྐད་ལ་དགའ་ཞེན་དང་དོ་སྣང་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས་པ་རེད། པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར་“སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་"ཞེས་པའི་རིན་ཐང་དེ་སློབ་མར་ཤེས་རུ་བཅུག་ནས།
རྒྱུན་པར་ཕ་སྐད་གཙང་མའི་སྒོ་ནས་སློབ་གྲོགས་བར་ལ་གླེང་མོ་མཛད་དགོས།
དེ་ནས་བོད་ཡིག་དགེ་རྒན་རྣམས་ཀྱིས་རྩ་འཛུགས་བྱས་ཏེ་ཕ་སྐད་ཕྱོགས་ཀྱི་བྱ་འགུལ་སྤེལ་བ་དང་།
འཛིན་གྲྭ་སོ་སོའི་ནང་གི་རྒྱུན་པར་ཕ་སྐད་བཤད་མཁན་དག་ལ་གཟེངས་རྟགས་འབུལ་རྒྱུ།
ཕ་སྐད་ལ་དོ་ཁུར་མི་བྱེད་པའི་སློབ་བུ་དག་ལ་ཆད་པ་གཅོད་པ་དང་སློབ་གསོ་གཏོང་རྒྱུ་དེ་གལ་ལོ།།
དྲུག་པ།
དགེ་རྒན་རང་ཉིད་ཀྱི་འབད་ཕྱོགས་སྐོར།
སྤྱིར་དགེ་རྒན་གྱི་ཆུ་ཚད་ཞན་པ་དེ་སློབ་གསོ་འཕེལ་བའི་གེགས་ཆེན་པོ་ཡིན་ལ།
བོད་ཡིག་དགེ་རྒན་གྱི་ཆུ་ཚད་དང་སློབ་མའི་སྐད་ཡིག་ཆུ་ཚད་དོ་མི་མཉམ་པ་གཉིས་ལ་འབྲེལ་བ་དམ་པོ་ཡོད།
སློབ་མའི་ཡིད་ལ་དགེ་རྒན་ནི་མིག་དཔེ་བཟང་པོ་སྟོན་མཁན་དང་སྣེ་ཁྲིད་འཚམ་པོ་བྱེད་མཁན་ཡིན་པས།
དགེ་རྒན་གྱིས་གནད་དོན་དག་འཚོལ་བསྡུ་བྱས་ནས་དེ་དག་ཇི་ལྟར་འཇོམས་ཤིང་ལེགས་སྒྱུར་ཇི་འདྲ་བྱ་དགོས་པ།
སློབ་མའི་བློ་དང་མཐུན་པའི་སློབ་ཁྲིད་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།
དེས་ན་དགེ་རྒན་གྱིས་རང་ཉིད་ཐད་ལ་མཐོར་འདེགས་ཇི་ལྟར་བྱ་ཞེ་ན།
གཅིག་ནས་རང་ཉིད་ཀྱི་ཤེས་བྱའི་ཐད་ལ་འབད་འབུངས་བསྐྱེད་དེ་ཡོན་ཚད་ཇེ་མཐོར་གཏོང་རྒྱུ་གལ།
དགེ་རྒན་ཞིག་ལ་ངེས་པར་དུ་རིག་གནས་ཆུ་ཚད་མཐོན་པོ་ཞིག་ལྡན་དགོས་ལ།
ནམ་རྒྱུན་རང་ཉིད་ཀྱི་རྒྱུད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
དེ་ལྟར་ན་ཤེས་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་གསོ་སྐྱོང་བྱེད་ཐུབ།
དཔེ་ཀློག་མང་པོ་བྱས་ནས་མྱོང་ཚོར་དང་ཟིན་བྲིས་བཀོད་པ། དགེ་རྒན་གང་མང་གི་སློབ་ཁྲིད་ལ་ཉན་ནས་སློབ་ཁྲིད་ཐད་ཀྱི་ཉམས་མྱོང་དང་ཁྲིད་ཐབས་སོགས་ཕྱོགས་བསྡོམས་བྱེད་པ།
མི་གཞི་སློབ་གསོའི་སྐོར་ཀྱི་དཔེ་ཆ་ཀློག་རྒྱུ་དང་བགྲོ་གླེང་ལ་ཞུགས་ནས་དགེ་རྒན་ཚད་ལྡན་ཞིག་གི་ཏུ་འགྱུར་བར་འབད་དགོས།
ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སློབ་ཁྲིད་བྱེད་ཐབས་དང་སྐད་ཡིག་གི་འཕེལ་ཕྱོགས་ལ་སློབ་སྦྱོང་བྱེད་པ།
དགེ་རྒན་ཞེས་པ་འདི་ནི་རིག་གནས་ཁྲིད་མཁན་ཙམ་ཞིག་གཏན་ནས་མིན་ཏེ།
དགེ་རྒན་ནི་འཁྲབ་སྟོན་པ་ཆེན་མོ་ཞིག་ཡིན་ལ།
དགེ་རྒན་ནི་སློབ་མའི་ཤེས་རིག་ཁྲོད་ཀྱི་མུན་པ་སེལ་མཁན་དེ་ཡིན།
དགེ་རྒན་ནི་སློབ་མ་སྲོག་ལྟར་གཅེས་པའི་ཕ་མ་ཡང་ཡིན། དགེ་རྒན་ནི་སློབ་མའི་སྙིང་གཏམ་བརྗོད་སའི་གྲོགས་པོ་ཡང་ཡིན།
དགེ་རྒན་ནི་སློབ་མའི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་མཁན་ཡང་ཡིན་ལ།
དགེ་རྒན་ནི་སློབ་ཚན་ཁྲོད་ཀྱི་མི་སྣདང་སྲོག་ཆགས་ལ་སོགས་ཀྱི་འཁྲབ་སྟོན་བྱེད་མཁན་དེ་ཡང་ཡིན་ལ།
དགེ་རྒན་ནི་སློབ་མའི་སེམས་ཆུང་མ་བྱས་ནས་ས་ལ་འགྱེལ་དུས་ཡར་ལངས་བྱེད་ཀྱི་ལག་རྟེན་ཡང་ཡིན།
དགེ་རྒན་ནི་སློབ་མའི་སེམས་ཀྱི་མཁས་ཅན་ཡིན་པས།
ཕྱོགས་ཡོངས་ནས་འབད་པ་བྱས་ནས་རང་གི་ནུས་པ་ཇེ་མཐོར་གཏོང་དགོས་ཤིང་མིང་དོན་ཀུན་མཚུངས་ཀྱི་མི་ཞིག་ཀྱང་བྱ་དགོས་སོ།།
མཇུག་གི་གཏམ།
བོད་ཡིག་སློབ་སྐབས་ཡི་གེ་ལ་བསྙེན་བཀུར་བྱེད་ཐབས་གསུམ་ཡོད་དེ།
སྒྲ་དག་པར་ཀློག་པ། གཟུགས་ཡག་པར་འབྲི་བ།
དོན་ཐིག་པོར་བླངས་ནས་བསྙེན་བཀུར་དང་བསྟི་སྟངས་བྱ་བ་བཅས་ཡིན།
སྔོན་བྱོན་གྱི་མཁས་དབང་དག་ལས་ཉེ་རབས་ཀྱི་མཁས་པ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་།
དམུ་དགེ་བསམ་གཏན་ཚང་།
དུང་དཀར་ཚང་སོགས་ཀྱང་རྨང་གཞི་འདི་འདྲ་ལ་བརྟེན་ནས་བསླབ་པའི་གནས་ལ་ཞུགས་པ་མ་གཏོགས། ཚིག་གྲོགས་བཙལ། ཁ་སྐོང་བྲིས་པ་དང་ཚིག་བསྒྲིགས་པ་ཙམ་གྱིས་མཁས་པར་འགྱུར་པ་ག་ལ་ཡིན།
འདི་དག་ནི་གཞན་གྱི་སྐད་ཡིག་སློབ་སྟངས་ལ་ལད་མོ་བྱེད་དྲགས་པས་རང་གི་ཁྱད་ཆོས་བོར་བ་རེད་སྙམ།
དེའི་ཕྱིར་ང་ཚོས་ཅི་ནས་ཀྱང་རང་ལ་འཚམ་ཤིང་འོས་པའི་སློབ་ཁྲིད་བྱེད་སྟངས་ཤིག་ཆགས་པར་འབད་རིགས་སོ།།
ཟུར་ལྟའི་ཡིག་ཆ།
1. པཎ་ཆེན་རིན་པོ་ཆེའི་ཞལ་གདམས།
2. དཔལ་ལྡན་ཉི་མ།
«རིག་པའི་དཔལ་ཡོན་གྱི་དོགས་སེལ།»
མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར།
3. 巴登尼玛,刘冲.《尊严论》.北京:人民出版社,
4. 刘克兰:《教学论》,西南师范大学出版社,1988年。
5. 李秉德主编:《教育科学研究方法》,人民教育出版社,1991年。
6. 李定仁主编:《教学思想发展史略一历史、现状与发展趋势》,青海人民出版社,1993年。
7. 邵瑞珍、皮连生:《教育心理学》,上海教育出版社,1988 年。
8. 鱼洁主编:《教育社会学》,人民教育出版社,1990年。
9. 多杰才旦:《西藏的教育》,中国藏学出版社,1991年。
10. རང་གི་སློབ་ཁྲིད་ཉམས་མྱོང་།
ཡོངས་ཁུངས། གངས་རྒྱན་རྩོམ་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།