རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 18 August 2020

བུད་མེད་རིགས་མགོན་ཁང་དུ་འཛུལ་རུང་མི་རུང་བའི་སྐོར་བརྩམས་ཆོས་གཉིས།

བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་བའི་རྒྱུ་མཚན་བཤད་པ།

རྩོམ་པ་པོ། ཨཱཙརྱ་གུ་་དེ་བ


བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་བའི་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་འཆད་ན། དེ་ཡང་དང་བོ་སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་བདག་ཉིད། རྒྱལ་བསྟན་སྒྲུབ་བརྒྱུད་སྙིང་བོ་དཔལ་ལྡན་ཆོས་སྐྱོང་བའི་སྲུང་མ་རྣམས། སྤྱིར་ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པའི་འཕྲིན་ལས་ཀྱི་ནུས་མཐུ་ཆེ་ཞིང་།  བསམ་གྱིས་མི་ཁྱབ་པ་ཡིན་པའི་ཁར།  ལྷག་པར་བསྟན་པ་སྤྱི་ལ་གནོད་པའི་དགྲ་བགེགས་རུ་ཏྲ་བསྒྲལ་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་ལ། འཕྲིན་ལས་ཡིད་ལྟར་མགྱོགས་པ། མདའ་ལྟར་རྒྱུག་པ། གློག་ལྟར་མྱུར་བ། མེ་ལྟར་ཚ་བ། ཐོག་ལྟར་འབབ་པ། རི་ལྟར་ལྕི་བ་ཡོད་པས། བསྟན་སྲིད་ལ་གནོད་པའི་དགྲ་བགེགས་གང་རུང་ཞིག་ཆོས་སྐྱོང་གི་གནས་ཁང་དུ་བསླེབ་ན་སྲོག་རྩ་ལོས་གཅད། དཔེར་ནབསྟན་པའི་རུ་ཏྲ་ཞིག་མ་ཡི་མངལ་ན་ཡོད་པའི་སྐབས་ཡིན་ན་ཡང་། གལ་སྲིད་མ་དེ་མགོན་ཁང་དུ་འཛུལ་ཞིང་བཞུགས་ན་བསྟན་པའི་རུ་ཏྲའི་སྐྱེ་བ་མངལ་ན་ཡོད་པའི་བུ་འདིའི་སྲོག་ལེན་པ་དང་། ཡང་ཕྱིས་སུ་མ་རུང་བའི་བུ་བཙའ་རྒྱུ་ཡིན་པར་དུས་གསུམ་མཁྱེན་པའི་ཡེ་ཤེས་སྤྱན་དང་མངོན་ཤེས་ཀྱིས་གཟིགས་ན་བུ་སྣོད་ཀྱི་མངལ་ཡང་སྐམ་པར་གཏང་བར་མ་ཟད། མའི་ཚེ་སྲོག་ལ་ཡང་གནོད་པ་ཡོད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་བུད་མེད་མགོན་ཁང་དུ་འཛུལ་མི་རུང་བ་དང་། 


གཉིས་པ་བསྟན་སྲིད་ལ་ཤ་ཞེན་ཆེ་བའི་བླ་མ་རིག་པ་འཛིན་པ་རྣམས་ཀྱིས་བསྟན་སྲིད་བསྲུང་བའི་སླད་དུ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་གནས་ཁང་བཅའ། གཉེར་ཁ་གཏད། འཕྲིན་ལས་བཅོལ་བ་སོགས་མཛད་པས། བསྟན་པའི་གཞི་མ་སོ་ཐར་སྡོམ་པ་ཉམས་པའམ་གཞིག་པའི་རྒྱུ་གཙོ་བོ་བཞི་ཡི་ཡ་གྱལམི་གཙང་བ་སྤྱོད་པའི་རྐྱེན་དེ་བུད་མེད་དང་ལུས་འབྲེལ་བ་ལས་གཙོ་བོར་འབྱུང་བས། དེ་ལྟ་བུར་གྱུར་བའི་བུད་མེད་སྐྱོན་ལྡན་ཞིག་མགོན་ཁང་དང་གནས་ཁང་ནང་འོང་ན། བསྟན་པ་ལ་མཐོ་བརྩམས་པའི་ཆད་པ་ཆོས་སྐྱོང་བ་རྣམས་ཀྱིས་བཀལ་འོང་སྙམ་ནས། རིག་པ་འཛིན་པ་བླ་མ་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བརྩེ་བའི་ཐུགས་ཀྱིས་གཟིགས་ནས་སྤྱིར་སྐྱེ་བ་དམན་པའི་བུད་མེད་ཀྱི་རིགས་མགོན་ཁང་ནང་འཛུལ་མི་རུང་བར་བཀག་བཞག་མཛད་པ་དང་། 


གསུམ་པ་སྤྱིར་སྐྱེ་གྲིབ་དང་། ཤི་གྲིབ། བག་གྲིབ།ཡུག་གྲིབ། བཙོག་གྲིབ། མཛེ་གྲིབ། ཉམས་གྲིབ་རྣམས་དུག་བཞིན་དུ་གནོད་ཚབས་ཧ་ཅང་ཆེ་བས། སྤྱིར་བློ་སེམས་ཆོས་དང་ལྡན། ལས་རྒྱུ་འབྲས་དམ་ཚིག་ཁྲེལ་དང་ངོ་ཚ་སོགས་ཤེས་པ། མདོར་ན་བུད་མེད་ཡང་དག་པ་ཞིག་ཡིན་ན་ཞུ་བ་དབེན། དེ་མ་ཡིན་པའི་བུད་མེད་འདོད་སྤྱོད་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སྤྱོད་པ། དཔེར་ན། སྨད་འཚོང་ལྟ་བུ་ཞིག་ཡིན་ན་ཉེས་སྐྱོན་ཧ་ཅང་མང་བར་བརྟེན། ཤིན་ཏུ་བཀའ་གཉན་པའི་ཆོས་སྐྱོང་བའི་མགོན་ཁང་དུ་འཛུལ་ན། ཆོས་སྐྱོང་སྲུང་མ་རྣམས་ལ་བཙོག་གྲིབ་དང་བག་གྲིབ་སོགས་ཕོག་སྟེ། སྤྱིར་ཆོས་སྐྱོང་སྲུང་མ་རྣམས་ཐུགས་ཁྲོས་ཤིང་བསྟན་སྲིད་སྲུང་བའི་འཕྲིན་ལས་ཀྱང་མ་མཛད་པར་གཞག་པ་དང་། སྒོས་སུ་བུད་མེད་དེ་ལ་གནོད་ཐེབས་པ་དང་། གཞན་ཡུལ་གྱི་ཕྱོགས་དང་ཕྱོགས་སུའང་ལྟས་ངན་གྱི་ཆོ་འཕྲུལ་འདྲ་མིན་སྣ་ཚོགས་བསྟན་ནས། འཇིག་རྟེན་ཕུང་བའི་རྐྱེན་དུ་མ་བྱུང་བ་ཡིན་པས་བུད་མེད་རྣམས་དེ་ལྟར་བཀག་པ་ཡིན་ནོ།།


སྤྱིར་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་འགྲོ་བ་ལ་ཉེ་རིང་དང་ནུས་མཐུ་ཆེ་ཆུང་སོགས་ཀྱི་ཐུགས་བཞེད་མེད་ཀྱང་། བར་རྐྱེན་བཙོག་གྲིབ་དེ་དག་གིས་གྲིབ་ཅིང་། ཚངས་སྤྱོད་ལྡན་པའི་གྲྭ་བཙུན་དང་། གཞན་ཡང་ཡོན་བདག་སྐྱེ་བོ་ཕོ་མོ་ཀུན་གྱི་བར་ཆད་སེལ་བ་དང་། དངོས་སྒྲུབ་སྟེར་བ་སོགས་ལ་གྲིབ་པ་དང་། གཞན་ཡང་ནུས་མཐུ་ཉམས་ཤིང་བསྟན་པའི་བྱ་བ་རླབས་ཆེན་ལ་བར་ཆད་ཆེན་པོ་མཛད་པ་ཡིན་ཏེ། དཔེར་ནཉི་མའི་རང་བཞིན་ལ་འཕེལ་སྒྲིབ་ཀྱི་རྣམ་བཞག་མེད་ཀྱང་། བར་རྐྱེན་སྤྲིན་ཡོད་མེད་ཀྱི་ཁྱད་པར་ལས་ས་སྟེང་ལ་དྲོད་ཐོན་མི་འཐོན་གྱི་ཁྱད་པར་བཞིན་ནོ།། 


དེའི་ཕྱིར་བཀའ་གཉེན་ཆོས་སྲུང་རྣམས་ལ་གྲིབ་སྐྱོན་བསྲུང་བའི་ཕྱིར། སྤྱིར་བུད་མེད་ཡོད་དོ་ཅོག་ལ་གྲིབ་མེད་ཀྱང་། གྲིབ་སྐྱོན་ཡོད་པའི་རིགས་རྣམས་གཞོམ་ཕྱིར་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་བཀག་གནང་མཛད་པ་ལགས་ཀྱི། ཕོ་མོའི་མཐོ་དམན་དང་། ཆགས་སྡང་ཕྱོགས་རིས་ཀྱི་ངང་ནས་བུད་མེད་མགོན་ཁང་དང་གནས་ཁང་དག་ལ་འཛུལ་མི་རུང་ཞེས་བཀག་བཞག་མཛད་པ་ཞིག་རྩ་བ་ནས་མ་ཡིན་པ་ཀུན་གྱི་ཐུགས་ལ་འཇགས་པར་འཚལ་ལོ། །ཨཱཙརྱ་གུ་་དེ་བའི་གསུང་བཤུས་བགྱིས་པ་དགེའོ།།

 

དེའི་བརྒལ་ལན་ནམ་དོགས་སེལ།

མཛད་པ་པོ། དོལ་པོ་ཤཱཀྱ་རིན་པོ་ཆེ། 


࿑ བུད་མེད་མགོན་ཁང་དུ་འཛུལ་མི་ཆོག་པ་མདོ་རྒྱུད་བསྟན་བཅོས་གང་ནའང་གསུངས་ཡོད་མ་རེད། དེ་ནི་ཕོ་མཆོག་མོ་དམན་གྱི་ལྟ་སྟངས་ལས་བྱུང་བ་ཉག་གཅིག་རེདདེ་ཡང་ཧ་ལམ་དངོས་བརྒྱུད་ཅི་རིགས་ནས་ཧིནྡུའི་ཆོས་ལུགས་གོམས་སྲོལ་གྱི་ཤུགས་རྐྱེན་ལས་བྱུང་བ་ཡིན་པ་ཚོད་དཔོག་བྱེད་ཐུབ་པ་ཞིག་རེད། མནའ་རབས་མི་ལོ་འབུམ་ཚོ་འགའི་སྔོན་ནས་གདོད་མའི་ཆོས་ལུགས་ཧིནྡུའི་བྲམ་ཟེའི་ལུགས་སམ་རིག་བྱེད་བཞི་སོགས་ལྷ་སྒྲུང་དང་ཡང་ཅུང་ཟད་སྦགས་པ་ཕྱོགས་རིས་ཅན་གྱི་ལུགས་ལན་དར་བ་ཞིག་རེད།


ཨཱ་ཙརྱ་གུཎ་དེ་བ་ཞུ་བ་ཞིག་གིས་བྲིས་པའི་ཡིག་དུམ་ཞིག སྤྱི་ཚོགས་ནང་དུ་དྲྭ་ལམ་མང་པོ་ཞིག་གི་ཐོག་ནས་བརྒྱུད་བསྐུར་བྱེད་བཞིན་འདུག དེར་ནི་ཁོང་གིས་མཐའ་གཅིག་ཏུ་མ་ངེས་པའི་རྒྱུ་མཚན་ཁུངས་ལུང་གང་ཡང་མེད་པ་རྐྱང་རྐྱང་བཤད་འདུག དཔེར་ན། རྒྱུ་མཚན་གཅིག་ལ་ཆ་བཞག་ན། བུད་མེད་མགོན་ཁང་དུ་འཛུལ་མི་ཆོག་པ་ནིབུད་མེད་ཀྱི་མངལ་ན་བསྟན་འགྲོ་ལ་གནོད་པའི་བུ་ཕྲུག་ཆགས་ཡོད་པ་ལ་སྲུང་མ་བཀའ་བཙན་པའི་དབང་གིས་འཁུ་ལྡོག་ཆོ་འཕྲུལ་ཀྱི་འཚུབ་བསྟན་ནས། མ་བུ་གཉིས་ཀའི་ཚེ་སྲོག་ལ་ཉེན་ཁ་ཡོང་གི་ཡོད་ཚུལ་རྒྱུ་མཚན་དུ་དྲངས་འདུག དེ་འདྲ་ཡིན་ན་བསྐྱེད་བྱེད་ཀྱི་རྒྱུའམ་རྐྱེན་གཙོ་བོ་ཞིག་ནི་ཕྲུ་གུ་དེ་ཡི་ཕ་ཡང་ཡིན་པས། དེ་ལའང་འཚུབ་སྟོན་དགོས་པ་ལ་དེ་འདྲ་ནམ་ཡང་བཤད་དུ་མེད།


དེ་བཞིན་ཨཱ་ཙརྱ་ཁོང་གིས་སྔོན་བྱོན་རྒྱལ་བ་དམ་པ་གོང་མ་རྣམས་ཀྱིས་བཀག་གནང་མཛད་ཅེས་པ་ལསམདོ་རྒྱུད་བསྟན་བཅོས་ཀྱི་ལུང་ཚིག་གཅིག་ཙམ་ཡང་ཁུངས་སུ་དྲངས་མི་འདུག་པས་ཚོད་ཚོད་ཀྱི་གཏམ་ཙམ་དུ་ཟད། རུ་དྲ་དང་འབྲེལ་བའི་རྒྱུ་མཚན་གང་འཚམ་ཞིག་ཡོད་བཟོ་འདྲ་ཞིག་བྱས་འདུག་མོད། ཡིན་ནའང་དངོས་སུ་དེའི་རྒྱུ་མཚན་ལོ་རྒྱུས་གང་ཡང་བཤད་ཐུབ་པ་ཞིག་དང་ལུང་རིག་གི་ཁུངས་དང་དཔང་རྟགས་གཅིག་ཀྱང་འབྱོར་མི་འདུག


དེ་བཞིན་བུད་མེད་འདུལ་བའི་བསླབ་སྡོམ་ལ་བར་དུ་གཅོད་མཁན་ཡིན་པསསྲུང་མས་འཚུབ་སྐྱེལ་རབ་བཤད་འདུག དེ་ནི་ཁོ་རང་གིས་འདུལ་བ་ལུང་བཞི་སོགས་ལ་ལྟ་མ་མྱོང་བའི་སྐད་ཆ་རེད། འདུལ་བ་ལུང་གཞིའི་ནང་ན་ག་རེ་གསུངས་ཡོད་རེད་ཟེར་ན། མཆོག་གི་སྤྲུལ་སྐུ་ཞིག་ལ་ཆ་བཞག་ནདམིགས་བསལ་མཛད་པ་རྣམ་པ་གསུམ་ཞེས་པ་ཞིག་ཡོད་པདེ་མ་འགྲུབ་བར་མྱ་ངན་ལས་འདའ་ཐབས་མེད་ཅེས་གསུངས་ཡོད་རེད།     མཛད་པ་གསུམ་པོ་དེ་གང་དང་གང་རེད་ཟེར་ན།  ༡༽འཁོར་རྣམ་བཞི་ཚང་བར་མ་བྱས་པ།  ༢༽ མཆོག་ཟུང་གཉིས་པོ་ལུང་མ་བསྟན་པ།  ༣༽ ཡབ་ཡུམ་གཉིས་པོ་བདེན་པ་མཐོང་བ་ལ་མ་བཀོད་པ། ཞེས་པ་འདི་གསུམ་རེད། འཁོར་རྣམ་བཞི་ཟེར་དུས་དགེ་སློང་གི་དགེ་འདུན། དགེ་སློང་མའི་དགེ་འདུན། དགེ་ཚུལ་གྱི་དགེ་འདུན། དགེ་ཚུལ་མའི་དགེ་འདུན། དེ་བཞི་ཀ་ཚང་སྐབས་འཁོར་རྣམ་པ་བཞི་ཚང་བ་ཞེས་བརྗོད་ཀྱི་ཡོད། བུད་མེད་དགེ་ཚུལ་སློང་གི་རྟེན་ཅན་དགྲ་བཅོམ་པའི་གོ་འཕང་འཐོབ་མཁན་ཤིན་ཏུ་མང་པོ་བྱུང་ཡོད་པས་བུད་མེད་དམ་ཆོས་འདུལ་བའི་བར་ཆད་དུ་ནམ་ཡང་བསྒྲུབས་ཐབས་མེད་པ་རེད། དེ་བཞིན་སྔར་ནས་ད་བར་རྒྱ་བོད་གཉིས་སོགས་ན་ས་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པའི་བུད་མེད་གྲུབ་ཐོབ་རྒྱུན་མ་ཆད་དུ་བྱུང་དང་འབྱུང་བཞིན་པ་ཡིན་ནོ།         


རྒྱལ་པོའི་རིང་ལུགས་དང་།   ཁུངས་མེད་ཤེས་རིག་ཡོན་ཏན་མེད་པའི་ཀླད་རྙིང་འགས་ཆོས་ལུགས་ཆོལ་སྨྲ་ལོག་པའི་ལམ་དང་། ཚེ་བ་ཆོས་སྨྲའི་རྗེས་སུ་འབྲང་ནས་རེ་བོང་ཅལ་སྒྲོགས་སུ་དར་བ་མང་།   ཕྱིས་སུ་སྤྱི་ལོ་ཤར་ནས་ཀྱང་ཆོས་ལུགས་པས་བྱས་ཉེས་ལས་དར་བ་ཡིན།   ཡེ་ཤུའི་ལུགས་ལ་བུད་མེད་རིགས་ལ་སྨ་འབེབས་མཁན་གཙོ་བོ་«ཀེ་ཐོ་ལེན་»ཟེར་བ་དེ་ཚོ་ཡིན་པ་མ་ཚདགཞན་དུ་ཡང་བུ་མེད་ལ་«པོབ་»མཆོག་གི་གོ་ས་ཐོབ་ཐང་ནམ་ཡང་མེད།       ཁ་ཆེའི་ལུགས་ལ་བུད་མེད་ལ་སྨ་འབེབས་ཕྱིར་ངོ་རས་ནག་པོ་གཡོགས་པ་དང་།   ཁྱོ་ག་གཅིག་ལ་བུ་མེད་མང་པོ་ལན་པ་སོགས་དང་།   ཧིནྡྷི་ནང་ལུགས་ངན་པ་འགའ་ཞིག་ལས་ཁྱོ་ག་ཤི་བའི་རོ་དང་ལྷན་ཅིག་སྐྱེ་དམན་གསོན་པོར་སྲེག་པའི་ལུགས་དང་།   དབང་ཕྱུག་གི་ལིང་གའི་སྟེང་དུ་སྐྱེ་དམན་སྦྲུམ་མ་གསོན་པོར་གཏུབས་ནས་དུམ་བུར་བྱེད་པ་སོགས་ཆོས་ལུགས་ངན་པའི་ལུགས་སྲོལ་མང་པས་བབ་ཅོལ་དུ་སྨྲ་བ་དང་།   གཤིས་ངན་ཀླད་སྟོང་ཁུངས་མེད་ཀྱི་རྗེས་སུ་འབྲང་བའི་དུས་མ་ཡིན་ནོ།   །དོལ་ཤཱཀ་པས།།

 

 

3 comments:

  1. དོལ་ཤཀ་མཆིག་ནས་བུ་མེད་མགོན་ཁང་ན་འཛུལ་རུ་ང་མི་རུང་ཐག་གཅོད་ཅིག་ལུང་རིགས་ཀྱི་སྒོ་ནས་གསུང་བའི་རེ་བ་ཡོད།

    ReplyDelete
  2. བླ་མ་ཁོང་གིས་ཀྱང་རྒྱུ་མཚན་རྣམ་དག་གཅིག་གསུངས་མི་འདུག
    ཨཱཙྱས་བུད་མེད་ཐམས་ཅད་ལ་གསུངས་པ་མི་འདུག་བསྟན་པའི་དགྲ་བོ་མངལ་ན་གནས་པའི་བུད་མེད་ལ་གསུང་འདུག་པས་དེ་ཡང་མོ་རང་ལ་གནོད་ཕྱིར་མ་ཡིན་པར་དགྲ་བོ་དེའི་རྐྱེན་གྱིས་མ་ལའང་གནོད་སྲིད་གསུངས་འདུག་འདི་ནི་དེང་དུས་ཡོངས་གྲགས་ཡིན་ཏེ་དཔེར་ན་མི་འགའ་ཞིག་མངལ་ནང་གི་བུ་གསོད་ཕྱིར་སྨན་བྱིན་ཏེ་ལམ་འགྲོ་མ་རྒྱུགས་ནས་མ་འང་ལྷན་དུ་འཆི་བ་སོགས་ལོས་ཡོད། དེ་བཞིན་དུ་བླ་མས་འདུལ་བ་སྐབས་འཁོར་རྣམ་པ་བཞི་གསུང་འདུག་པས་དེ་འཁོར་རྣམ་པའི་ནང་གསེས་དགྲ་བཅོམ་མ་དང་དགེ་སློང་མ་དག་ལ་གནོད་པ་མེད་དེ་བསྟན་དགྲ་སྐྱེད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་ཏེ་རྟེན་རབ་འབྱུང་ཡིན་པས་སོ། མོ་སྒྲིབས་སོགས་ནི་སྒྲིབས་ནང་ནས་སྡུག་ཤོས་ཡིན་པས་ལྷ་ལྟ་ཞོག་མི་ལའང་ཕོག་པས་སོ་དཔེར་ན་ང་ཚོ་ཐོག་མར་བར་དོའི་སེམས་ཅན་སྐབས་མངོན་ཤེས་ལྡན་ལ་ཕྱིས་སུ་ཉིང་མཚམས་སྦྱར་ནས་མངལ་སྒྲིབས་ཀྱི་ཐམས་ཅད་བརྗེད་འགྲོ་བཞིན་ནོ། ཡང་ཁོང་གི་དེ་འདྲ་བའི་ལུང་ཁུང་མདོ་བསྟན་བཅོས་གང་ནའང་མཇལ་རྒྱུ་མེད་པས་རྟོག་བཟོ་ཟེར་དེ་ལ་ཡོད་ན་མཇལ་དགོས་པའི་ངེས་པའང་མེད་པའི་ཕྱིར་རོ།

    ReplyDelete
    Replies
    1. འཇིག་མེད་རྣམ་རྒྱལ་ལགས། མཆན་བཟང་པོ་གནང་བར་བཀའ་དྲིན་ཆེ། ཡག་པོ་བཤད་འདུག

      Delete

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།