རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 1 January 2021

༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་བཞི་པ།

[༡]

«ཉི་གཞོན་དབང་པོའི་འཁྲུངས་སྐར་བསུ།»
-------› ནུབ་རི་མི་ཕམ་རྣམ་རྒྱལ།

ཡང་སྤྲུལ་ཡིད་བཞིན་ནོར་བུ།།
སཱ་ལའི་ལྗོངས་སུ་ཕེབས་ཏེ།།
འཁྲུངས་པའི་གཏམ་བཟང་ཉིན་མོ།།
གང་དུ་སོང་ཡང་མི་བརྗེད།།

བཅོ་ལྔའི་དུང་ཟླ་དཀར་པོ།།
ཤར་རིའི་རྩེ་ནས་བཞད་པས།།
འགྲོ་ཁམས་མུན་པའི་སྣང་བ།།
བསལ་མཛད་པདྨ་ནོར་བུ།།

བྱ་བྲལ་སངས་རྒྱས་རྡོ་རྗེའི།།
བཀའ་ལུང་ལུང་བསྟན་ཇི་བཞིན།།
འཁྲུལ་མེད་སྙིང་གི་ནོར་བུ།།
ཉི་གཞོན་པདྨ་ནོར་བུ།།

མ་ཧཱ་གུ་རུའི་རང་གཟུགས།།
སངས་རྒྱས་ཀུན་གྱི་སྤྲུལ་པ།།
༸གྲུབ་དབང་པདྨ་ནོར་བུ།།
མི་འགྱུར་གར་དབང་ཟིལ་གནོན།།

ལྟ་དགོངས་བཻ་རོ་ཙཱ་ན།།
སྤྱོད་པ་ཞི་འཚོ་ཡབ་སྲས།།
སྒོམ་པ་ཟུང་འཇུག་རྣམ་ཐར།།
རྗེས་འཛིན་ཚེ་འབར་གཞོན་ནུ།།

ཀུན་ལས་མཛེས་པའི་བཞིན་རས།།
གསུང་དབྱངས་སྙན་འཇེབས་པིང་ཀ།
འགྲོ་དྲུག་ཡིད་ཀྱི་མུན་སེལ།།
འཁྲུངས་སྐར་ཉིན་མོར་སྤྲོ་འོ།།

གོང་མའི་སློབ་ཚོགས་འབུམ་ཕྲག།
ལྷན་ཅིག་དེ་རིང་དགའ་སྤྲོས།།
རྩེ་གཅིག་གསོལ་འདེབས་སྨོན་པས།།
ཁྱེད་སྐུ་མི་ཤིགས་སྨོན་ནོ།།

[༢]
«ཡང་སྲིད་རིན་པོ་ཆེ་སྐུའི་འཁྲུངས་སྐར་བསུ།»
------› ཆོས་དབྱིངས་རྡོ་རྗེ་བླ་མ།

སྔོན་བྱུང་ལོ་རྒྱུས་ཁྲོད་ནས།།
མཐུན་པ་སྤུན་བཞི་རྟེན་འབྲེལ།།
མི་ཡུལ་ཞི་བདེ་སྦྱིན་མཁན།།
ཡང་སྲིད་བྱོན་པ་དགའ་སོང་།།

སྟོང་གསལ་ཨ་སྔོན་དཀྱིལ་ནས།།
བཅོ་ལྔའི་བསིལ་ཟེར་ཤར་འདྲ།།
ལུས་ངག་ཡིད་གསུམ་གུས་པས།།
ཡང་སྲིད་འཁྲུངས་སྐར་བསུ་འོ།།

འདས་པའི་ལོ་རྒྱུ་ཁྲོད་དུ།།
ཚེ་རིང་རྣམ་དྲུག་ནང་བཞིན།།
ང་ཡི་སྙིང་གི་ནོར་བུ།།
སྐུ་ཚེ་བརྟན་པའི་སྨོན་འདུན།།

ལྷོང་ལྷོང་ལྷོ་ཕྱོགས་སྤྲིན་པ།།
བོད་ཀྱི་ཕྱོགས་ལ་ཆས་པའི།།
ཡིད་འཕྲོག་ཆུ་འཛིན་ལྷ་མོ།།
ང་ཡི་འཕྲིན་ཞིག་ཁྱེར་རོག།

བུ་སློབ་འདུ་པའི་ཚོགས་ལ།།
མྱུར་དུ་ཞལ་མཇལ་གནང་བའི།།
ཡང་སྲིད་བླ་མའི་དྲུང་དུ།།
མ་བརྗེད་འཕྲིན་དེ་བསྐྱལ་རོགས།།

[༣]
«སྐུ་གོང་མའི་མཛད་པ།»
------› སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།

སྤྱི་ལོ་གཅིག་སྟོང་དགུ་བརྒྱ།།
སུམ་ཅུ་སོ་གཉིས་ལོ་ལ།།
གནས་མཆོག་སྤོ་བོའི་ཡུལ་དུ།།
མཚན་དཔེའི་གཟུགས་སྐུ་འབར་སོང་།།

དུས་རབས་བཅུ་དགུའི་ནང་དུ།།
རྒྱ་ཡིས་ནང་ཆོས་བསྣུབས་དུས།།
རྒྱལ་བསྟན་ཕྲག་ཏུ་ཁུར་ནས།།
རྒྱ་གར་ཡུལ་དུ་བྱོན་སོང་།།

གྲོགས་དང་དཔལ་འབྱོར་མེད་ཀྱང་།།
ཐུགས་བསྐྱེད་གནམ་ལས་ཡངས་པ།།
སྙིང་སྟོབས་རི་ལས་ཆེ་བ།།
རྣམ་གླིང་དགོན་འདི་བཞེངས་སོང་།།

ཐུགས་བརྩེ་གཅིག་གི་འོག་ཏུ།།
རིས་མེད་འགྲོ་བ་བསྐྱངས་སོང་།།
སློབ་མའི་འཁོར་ཚོགས་མང་པོ།།
རྒྱ་བལ་འབྲུག་གསུམ་ཁེངས་སོང་།།

འཆད་རྩོད་རྩོམ་པའི་དབྱར་རྔ་།།
གནམ་ས་ཀུན་ལ་གྲགས་སོང་།།
ཐོས་བསམ་སྒོམ་པའི་བྱ་བ།།
ཡར་ངོའི་ཟླ་ལྟར་སྤེལ་སོང་།།

[༤]
«ང་ཡི་བླ་མ།»
------› དུག་ལྕེ་དམར་པོ།

རྗེ་ཉིད་ཞིང་གཞན་གཤེགས་པ།།
ཐུགས་རྗེ་ཆུང་སོང་སེམས་ཀྱང་།།
ཡང་སྤྲུལ་དུང་ཟླ་འཛུམ་དུས།།
ཐུགས་རྗེ་ལྡན་པར་ཤེས་སོང་།།

གདུང་བས་བོད་པ་ཉུང་ཡང་།།
ཐུགས་རྗེ་ཟབ་པ་ཡིན་སོང་།།
གདུལ་བྱ་ལྷག་མ་འདྲེན་པར།།
ཕེབས་པས་ལུས་སེམས་བདེ་སོང་།།

ཁྱེད་སྐུའི་འོད་ཀྱི་ཟེར་ཕྲེང་།།
སེམས་དང་བྲལ་བ་མེད་ཀྱང་།།
འཇམ་པའི་ཕྱག་ཟུང་ཞབས་ཟུང་།།
གཙུག་ཏུ་བཞག་སྐལ་ནམ་རིགས།།

བརྡ་འཕྲིན་དྲྭ་ལམ་གསེང་ནས།།
ཞལ་སྐྱིན་གསལ་ལེར་མཇལ་ཡང་།།
གསེར་ཞལ་འཇལ་བའི་སྐལ་བཟང་།།
སྒུག་གིན་འཁྲུངས་སྐར་བསུས་ཡོད།།

སྙན་འཇེབས་གསུང་གི་བདུད་རྩི།།
རྣ་བའི་དཔྱིད་དུ་སྩོལད་ཅིག།
འགག་མེད་དྲུག་ཅུའི་བདག་ཉིད།།
བྱིན་རླབས་ངག་ལ་འཇུག་མཛོད།།

ཕྱོགས་མེད་མཉམ་ཉིད་ཐུགས་རྗེ།།
མཐའ་དབུས་ངོས་བཟུང་མེད་ཀྱང་།།
མཆོག་འཛིན་ཨ་འཐས་བདག་ལ།།
གདོད་མའི་གཤིས་ངོ་སྤྲོད་རོགས།།

འཕོ་མེད་རྡོ་རྗེའི་སྐུ་ལ།།
གཤེགས་བཞུགས་སྤྲོས་དང་བྲལ་ཡང་།།
རྟེན་འབྲེལ་བརྡ་ཡི་ཆོས་ལ།།
འཁྲུངས་སྐར་བསུས་དང་ལོས་བསུ།།
     
       ཕ་གཅིག་བླ་མའི་སྐུ་ཡི་འཁྲུངས་སྐར་ལ་དགའ་སྐྱོ་ཟུང་དུ་འབྲེལ་གྱིས་ཚོར་བ་དང་ལྷན་དུ་བྲིས།

[༥]
«དྲིན་ཆེན་རྩ་བའི་བླ་མའི་འཁྲུངས་སྐར་བསུ།»
-----› དོལ་པོ་པདྨ་རྒྱལ་མཚན།

མི་ཡུལ་འཛམ་བུ་གླིང་དུ།།
སངས་རྒྱས་མི་རུ་རྫུས་པ།།
བི་མ་མི་ཏྲའི་རྣམ་འཕྲུལ།།
རྩ་བའི་བླ་མ་འཁྲུངས་སོང་།།

གངས་ཅན་རི་བོའི་ཕག་ནས།།
གུ་རུ་པདྨའི་རྒྱལ་ཚབ།།
ལྷ་སྲས་ཟླ་བའི་གཞོན་ནུ།།
པདྨ་ནོར་བུ་འཁྲུངས་སོང་།།

སྐར་ཚོགས་འབུམ་གྱི་གསེང་ནས།།
ཤར་བའི་ཟླ་བ་ཁྱེད་ཉིད།།
སངས་རྒྱས་བྱེ་བའི་གཏོད་ས།།
གདུལ་བྱ་བྱེ་བའི་སྐྱབས་ཡུལ།།

དེ་རིང་དུས་བཟང་འདི་ལ།།
འཛམ་གླིང་ག་ས་ག་ནས།།
གོང་མའི་སློབ་ཚོགས་འབུམ་ཕྲག།
ཁྱེད་ཀྱི་འཁྲུངས་སྐར་བསུ་བཞིན།།

དྲིན་ཆེན་རྩ་བའི་བླ་མ།།
སླར་ཡང་སྲིད་པ་བཟུང་ནས།།
མི་ཡུལ་འདི་རུ་ཕེབས་པའི།།
དེ་རིང་འཁྲུངས་སྐར་བསུ་འོ།།

གསེར་གྱི་ཉི་མའི་འོད་ཟེར།།
འཛམ་གླིང་ཡོངས་ལ་ཁྱབ་ནས།།
ནག་ཕྱོགས་མུན་པའི་གླིང་དེ།།
དཀར་ཕྱོགས་སྐྱོང་བར་མཛོད་ཅིག།

ཡང་སྲིད་རིན་པོ་ཆེ་ཡི།།
སྐུ་སྲོག་བྲག་ལས་སྲ་ཞིང་།།
མཛད་འཕྲིན་ཕ་མཐར་ཁྱབ་པའི།།
སྨོན་ལམ་ཚིག་གསུམ་བཏབ་ཡོད།།

སྔ་དྲོ། ༡༢ཿ༡༥། ༣༡།༡༢།༢༠༢༠།

[༦]
«འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།»
------› སངས་རྒྱས་བསྟན་འཛིན་འབྲུག་པ།

ལྷོ་ལྗོངས་མུན་པས་འཐུམ་ཚེ།།
བསིལ་ཟེར་སྒྱུ་སྐར་རྒྱལ་པོ།།
གངས་ཅན་རི་བོའི་རྩེ་ནས།།
རེ་སྨོན་སྟོང་གིས་བསུས་སོང་།།

མི་འགྱུར་དད་པའི་ལམ་ནས།།
བདེ་བ་ཆེན་པོའི་ཞིང་དུ།།
མ་ངེས་གར་སྟབས་འབུམ་གྱིས།།
འདྲེན་བྱེད་དབང་པོ་འཁྲུངས་སོང་།།

མ་རུངས་དགྲ་བོའི་དཔུང་ཚོགས།།
གཞན་ཕན་སྙིང་རྗེ་ཁོ་ནས།།
ཟིལ་གྱིས་གནོན་པར་བྱེད་པའི།།
ཐབས་ཁམས་རྒྱལ་སྲས་འཁྲུངས་སོང་།།

དཔལ་ལྡན་བླ་མའི་ཡང་སྤྲུལ།།
གང་སྐུ་རྡོ་རྗེ་ཇི་བཞིན།།
བསྐལ་བརྒྱར་བཞུགས་པའི་སྨོན་འདུན།།
བེ་ཏའི་ཡུལ་ནས་འབུལ་ལོ།།

སྔ་དྲོ། ༩ཿ༡༦། ༣༡།༡༢།༢༠༢༠།

[༧]
«འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།»
------› དོལ་པོ་བསྟན་འཛིན་དབང་འདུས།

༸ཡབ་རྗེ་གྲུབ་དབང་བླ་མའི།།
ཡང་སྲིད་འཁྲུངས་སྐར་ཉིན་མོར།།
མཛའ་གྲོགས་ཕོ་མོ་རྣམས་ལ།།
འཚམས་འདྲི་བཀྲ་ཤིས་བདེ་ལེགས།།

ཞལ་རས་དཀར་གསལ་ཟླ་བ།།
གསེར་ཁྲི་སྟེང་ནས་མཇལ་བྱུང་།།
བདག་ཅག་སློབ་འབངས་ཡོངས་ཀྱི།།
མ་རིག་མུན་པ་བསངས་སོང་།།

འདི་ཕྱི་གཉིས་ཀྱི་སྐྱབས་གནས།།
༸གྲུབ་དབང་པདྨ་ནོར་བུ།།
སླར་ཡང་ཁྱེད་ཀྱི་སྐུ་དངོས།།
མྱུར་དུ་མཇལ་བར་སྨོན་ནོ།།

རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་བཞི་པ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།