དགེ་བཤེས་ངག་གི་དབང་ཕྱུག
ན་མོ་བུདྡྷ་བཛྲ་དྷ་ར་ཡ།།
ས་སྐྱ་པཎ་ཆེན་ཀུན་མཁྱེན་ཀློང་ཆེན་པ།།
འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ།།
གངས་ཅན་ལྗོངས་ཀྱི་འཇམ་དབྱངས་རྣམ་གསུམ་ཞབས།།
པད་འབྱུང་བཻ་རོ་ཙ་ན་བི་མ་ལའི།།
རིང་ལུགས་རྫོགས་པ་ཆེན་པོའི་མན་ངག་ལ།།
བསྲེ་ལྷད་གད་བདར་འཁྲུལ་མེད་མཛད་མཁས་པ།།
ཀུན་མཁྱེན་ཀློང་ཆེན་གྲགས་དེར་སྤྱི་བོས་མཆོད།།
མཐའ་དྲུག་ཚུལ་བཞིའི་ངེས་དོན་མཐར་ཐུག་གི།
འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་འདི།།
མོས་གུས་ཕྲ་ཞིབ་རིགས་པས་མི་རྙེད་པར།།
བན་བོན་འདྲེས་མའི་བླུན་བཤད་འཇོམས་གྱུར་ཅིག།
ཁྱེད་ཀྱི་ལེགས་བཤད་སྔོན་མེད་མཛོད་ཆེན་བདུན།།
སྙིང་ཐིག་ཡ་བཞི་ལ་སོགས་ཆེས་གསང་བ།།
རྗེས་འབྲངས་རིས་མེད་བདག་གིས་ཕྱོགས་ཙམ་རྙེད།།
མོས་ལྡན་ཚོགས་ལ་སྒྲོག་འདི་སྐལ་བ་བཟང་།།
གསང་ལས་ཆེས་གསང་ཐེག་པའི་ཡང་རྩེ་ཞེས།།
དབང་པོ་ཡང་རབ་སྤྱོད་ཡུལ་འབེལ་བཞིན་དུ།།
ན་པོ་རིགས་ལམ་ཕྲ་མོ་མེད་པའི་ཚོགས།།
རྫོགས་ཆེན་སྒོམ་ཞེས་མཁས་རྣམས་ཁྲེལ་བའི་རྒྱུ།།
རྟོག་གེའི་རིགས་ལམ་རྫོགས་ཆེན་སྤྱོད་ཡུལ་མིན།།
དད་པ་ལྡན་ན་དེ་གས་འཐུས་ཟེར་བའི།།
སྐྱེ་བོ་དེ་དག་ཁྲི་སྲོང་བེ་རོ་ཞབས།།
རིན་ཆེན་འཁོར་ལོ་རྩོད་དེ་རྒྱང་རིང་ཡིན།།
པད་འབྱུང་སངས་རྒྱས་གཉིས་པས་ཟུར་ཙམ་བསྟན།།
བེ་རོས་ཨུ་རྒྱན་ཡུལ་ནས་མན་ངག་བླངས།།
བི་མ་ལ་ཡི་སྙིང་ཐིག་ཟབ་མོ་སོགས།།
དེ་རིང་ཕྱོགས་ཙམ་བདག་གིས་སྒྲོག་པར་བྱ།།
ཆོས་ཚུལ་ཟབ་རྒྱས་བླུན་པོས་ཇི་བཞིན་མིན།།
གྲུབ་པས་མཐོང་ན་ཁྲེལ་བའི་རྒྱུར་གྱུར་ཀྱང་།།
མཁས་པའི་ལེགས་བཤད་ཆ་ཤས་དབྱངས་སུ་ལེན།།
བདག་ལ་བརྟེན་ནས་གཞན་རྣམས་མ་ཉམས་ཤོག།
ཞེས་པ་འདི་ནི་རིས་མེད་པའི་བསྟན་པ་ལ་ཤེས་ནས་དད་པའི་དགེ་བཤེས་ངག་གི་དབང་ཕྱུག་པས། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ནང་ཚན་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་མི་ལོ་ ༦༥༧ འཁོར་བའི་རྗེས་དྲན་ཆེན་མོར་མཛོད་བདུན་གྱི་སྙིང་པོ་ཕྱོགས་ཙམ་འཆད་པའི་སྔོན་འགྲོའི་མཆོད་བརྗོད་དང་བརྗོད་གཞི་ཟུར་ཙམ་སློང་བའོ།། ༢༠༢༡།༠༡།༣༠ ཉིན་ཨ་རིར་ས་ཆུ་འཕྲད་ཅིང་ལང་ཚོར་སྦྱོར་བས་ཤིན་ཏུ་སྐྱིད་པ། བོད་ཕུག་ལུགས་རྒྱལ་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོར་ཨ་རིའི་ནིའུ་འཇར་སེ་ཀརྨ་ཐེག་གསུམ་ཆོས་གླིང་དུ་དད་པས་འཕྲལ་མར་སྦྱར་ཏོ།།
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བླངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།