རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 31 January 2021

ང་ཡི་མེས་པོ་གངས་རིའི་བཞུགས་གནས་ཅན།

གངས་སེང་དཀར་མོ། རྣམ་གྲོལ་གླིང་།


ལྷ་མི་གཉིས་ཀྱི་འདུ་ལོང་འཁྲིགས་པའི་དབུས།།
ང་ཡི་མེས་པོ་གངས་རིའི་བཞུགས་གནས་ཅན།།
དབེན་པའི་གནས་ཀྱིས་ཉམས་རྟོགས་འུར་བ་ཡི།།
མཁའ་འགྲོའི་ཞལ་མཆིད་ཐོལ་གླུ་སེང་སེང་འཐེན།།

རིས་ཆོད་མེད་པའི་ཐོས་པ་རྒྱ་ཆེན་བཙལ།།
རྒྱལ་བའི་མཚན་གྱི་མུ་ཁྱུད་གཙུག་ན་བསྙེན།།
མཛད་ཆེན་སྟོང་གིས་རུ་བཞི་ཤིག་ཤིག་བསྒུལ།།
མཚོ་འཁྲུངས་བསྟན་པའི་རུ་དར་ཁྱེར་བའི་མི།།

ཁ་ཡིག་འཐོར་པོའི་སྙིང་དོན་བཅུད་དུ་དྲིལ།།
ཟུངས་ཟད་རྒས་པོའི་འཁར་བ་ཁྱེད་ཀྱིས་བྱས།།
གསལ་ལ་མི་གསལ་ཁྲུན་ཐག་མ་ཆོད་པའི།།
མན་ངག་ཆིག་ཆོག་གསེར་གྱི་འོད་ལ་སྦྲན།།

མ་བོས་བཞིན་དུ་བཀའ་ཡི་སྲུང་མ་འཁོར།།
ཡང་གསང་བླ་མེད་སྙིང་གི་ཐིག་ལེར་གྱུར།།
གདན་ཐོག་གཅིག་ཏུ་དགོངས་པ་ལ་ཟླ་བའི།།
སྦས་པའི་དོན་མང་རྡོ་རྗེའི་ལྗགས་ལ་དྲངས།།

ཀུན་བཟང་ཡབ་ཡུམ་གཅེར་བུ་ཉིད་ལ་གཟིགས།།
གཟིགས་པ་ཇི་བཞིན་རྗེས་ཆགས་རྣམ་པར་འཕྲུལ།།
དམ་ཅན་སྲུང་མའི་བཀའ་དང་མ་གཡེལ་བར།།
གཉེར་ཁ་དང་བཅས་ཕྱི་རབས་བུ་ལ་བསྩལ།།

རྩོམ་པ་ཉིད་ན་མཁས་པའི་ལུགས་དང་བསྟུན།།
ལུང་རིགས་རྡོ་རྗེའི་སྤྲོས་པ་གཞལ་མཐའ་བྲལ།།
རྣལ་འབྱོར་པ་ཡི་ཚུགས་ཀྱང་མ་བརླགས་པའི།།
འཛིན་མེད་རིག་སྟོང་ཐུགས་ཀྱི་ཟེའུ་འབྲུར་སྨིན།།

བླ་མ་བརྒྱུད་པའི་བྱིན་རླབས་རྒྱ་མཚོའི་གཏེར།།
བཀའ་གཏེར་དག་སྣང་དབྱེར་མེད་རོ་གཅིག་ཤར།།
འཁྱོར་ལ་ཁད་པར་སྲོག་མཁར་བཙུགས་པ་ཡིས།།
གངས་རིའི་སྤོ་ལ་བདུད་རྩིའི་མཚོ་ཆེན་བསྐྱིལ།།

༢༠༢༡/༡/༣༡


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་ལས་བླངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།