རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 29 January 2021

བླ་མ་བསྟན་ནོར་ཅུང་ཟད་གླེང་བ།

ཚེ་རིང་བླ་མ།

དོལ་པོའི་རི་མོ་བ་གྲགས་ཅན་བླ་མ་བསྟན་འཛིན་ནོར་བུ།

རྣམ་དཔྱོད་ལྷན་སྐྱེས་སུ་བཀྲ་བའི་སྐུ་ཉིད་ཀྱི་རང་ཤིས།།
རང་རྒྱུད་ལྷན་སྐྱེས་སུ་བཟང་བའི་སྐུ་ཉིད་ཀྱི་བརྩེ་སེམས།།
ལྷག་བསམ་ཟོལ་མེད་དུ་ཕྱུག་པའི་སྐུ་ཉིད་ཀྱི་མཛད་རྗེས།།
བན་ཚང་རྨོངས་པ་སེལ་བའི་ཉི་འོད་ལ་བསྟོད་དོ།།

ཞལ་ན་འཛུམ་པའི་ཚེམས་ཀྱི་ཕྲེང་བ་ཡིས་མཛེས་པ།།
ལྕེ་ཆུང་རྐན་སོགས་བསྒུལ་བའི་གསུང་སྐད་དེ་སྙན་པ།།
ཁུ་བྱུག་ཁྱུ་གཅིག་ཚོགས་ཀྱང་དོ་ཟླ་རང་མེད་པའི།།
བན་ཚང་རྨོངས་པ་སེལ་བའི་ཉི་འོད་ལ་བསྟོད་དོ།།

བརྗོད་མེད་ངལ་བ་སྟོང་གི་ལྕི་ཁུར་ཞིག་ཁྱེར་ཏེ།།
མི་ཡུལ་ལ་མོ་བརྒྱ་ཡི་ཐེམ་སྐས་ལ་འཛེགས་དུས།།
རང་ཡུལ་རྨོངས་པའི་ཚོགས་ཀྱི་མགོན་མེད་ལ་བསམ་ཏེ།།
བཟོད་དཀའི་ལས་ལ་བརྩོན་པའི་སྙིང་སྟོབས་ལ་བསྟོད་དོ།།

དབེན་པ་ལུང་ཁུག་འབུམ་གྱི་འགྲིམ་འགྲུལ་དེ་སྐྱོ་ཡང་།།
རང་སེམས་བྱམས་པའི་སེམས་ཀྱི་མ་མ་ཡིས་བསྐུལ་ནས།།
མི་ཤེས་རྨོངས་པའི་ཚོགས་ཀྱི་སྡུག་བསྔལ་ལ་གཟིགས་ཏེ།།
རང་དོན་ཡལ་བར་དོར་བའི་རྒྱལ་སྲས་ལ་བསྟོད་དོ།།

སྟོད་ན་དབུལ་བས་ཕོངས་པའི་མིག་མཆུ་ཡི་མཚོ་མོ།།
སྨད་ན་སྐྱོ་བས་གདུང་བའི་ངུ་འབོད་ཀྱི་སྐད་སྒྲ།།
རང་སེམས་སྙིང་རྗེའི་རླབས་ཀྱིས་གོ་ཆ་ཞིག་གྱོན་ཏེ།།
མི་འཇིགས་གཞན་དོན་མཛད་པའི་རོལ་པ་ལ་བསྟོད་དོ།།

ཁྲ་ཁྲའི་ཡིད་དབང་འཕྲོག་པའི་གཞན་ཡུལ་དུ་བསྐྱོད་ནས།།
རང་ཡུལ་རྡུབ་པའི་ཚོགས་ཀྱི་ཡུལ་མའི་ལ་བསམ་དེ།།
མི་བརྗེད་སྤོབས་པ་ཆེན་པོའི་དམ་བཅའ་ཞིག་བཟུང་ནས།།
བརྩོན་པའི་གོ་ཆ་སྟོང་གི་ཞབས་རྗེས་ལ་བསྟོད་དོ།།

ཆུང་སར་གང་ཡང་མེད་པའི་སྐུ་ཚེ་ཡི་སྟོད་ནས།།
བར་དུ་དཀའ་བའི་རྡོག་ཁྲེས་རང་འགན་དུ་བཞེས་ཏེ།།
གཞན་དོན་མི་ལ་གུས་པའི་མཛད་རྣམ་ལ་བསམ་ནས།།
མིག་ཆུའི་ཐིག་པ་ལྷུང་བཞིན་སྐུ་ཉིད་ལ་བསྟོད་དོ།།

སློབ་པའི་པད་ཚལ་གླིང་དུ་འགྲིམ་མྱོང་ཞིག་མེད་ཀྱང་།།
སྔོན་སྦྱངས་བག་ཆགས་བཟང་པོས་མངོན་སུམ་གྱི་རྩལ་ལ།།
བཅོས་མིན་བློ་ཡིས་ཅུང་ཟད་དཔྱད་པ་ལ་འཇུག་དུས།།
བསྟོད་པའི་མེ་ཏོག་འདི་ཉིད་སྙིང་ཁོང་ནས་འཆོར་སོང་།།

ལྷོད་མེད་འབད་པ་དུ་མས་སྐུ་ལས་ལ་བརྩོན་ནས།།
ད་ཆ་རང་གཞན་དོན་གྱི་གྲུབ་འབྲས་ཞིག་སོན་ཡང་།།
ད་དུང་ཆེ་འདོད་མེད་པའི་དམའ་ས་ཡི་ཉམས་འདི།།
རྒྱལ་སྲས་དཔའ་བོ་རྣམས་ཀྱི་བགྲོད་ལམ་ཞིག་ལོས་ཡིན།།

ཉམ་ཆུང་བྱིས་པའི་ཚོགས་ལ་འཛུམ་མུལ་གྱི་ཞི་འགྲོས།།
མཐོ་ས་མཁས་པའི་ཚོགས་ལ་གུས་འདུད་ཀྱི་ཇོ་སྒེག།
མགོན་མེད་དམངས་ཡུལ་བསྐྱོང་བའི་སྐུ་ཉིད་ཀྱིས་རྣམ་ཐར།།
དགའ་གུས་སྒོ་མོ་འབུམ་གྱིས་ཡང་ཡང་རང་བསྟོད་དོ།།

ཆེ་ཆུང་སུ་ཞིག་འཕྲད་ཀྱང་ཁྱད་པར་རང་མེད་པའི།།
ཉེ་རིང་ཆགས་སྡང་བྲལ་བའི་མི་བུ་ཡི་སྙིང་སྟོབས།།
བསམ་ན་མིག་མཆུ་ལྷུང་བའི་མངོན་སུམ་གྱི་མཛད་པར།།
བསྟོད་པའི་མེ་ཏོག་འདི་ཉིད་ལན་བརྒྱར་རང་འབུལ་ལོ།།

ད་དུང་མཛད་རྗེས་དུ་མ་ཡོད་ཀྱང་རང་ཉིད་མི་ཁོམས་པའི་གནས་སུ་ལྷུང་བས་འདི་ཙམ་ཡིན། གུས་བན་ཚང་པ་ས་སྐྱའི་གྲྭ་བ་འབུམ་གྱི་ཐ་ཤལ་བ་རྒྱལ་མཚན་འབོད་པས། ཁོང་གིས་རང་ཡུལ་ལ་བཅངས་པའི་བཀའ་དྲིན་དྲན་བཞིན་ཅུང་ཟད་བགྱིས་པའོ།། ༢༧།༠༡།༢༠༢༠།

ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།