རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 17 January 2021

སྐྱོ་བ་ཁོག་ཏུ་སྦས་མེད། །གདུང་བ་སེམས་སུ་ཉར་མེད།།

ཆོས་དབྱིངས་བསྟན་པ། འབོ་དཀར་བཤད་གྲྭ།

ཀ་བ་མེད་པའི་རྡོ་ཁང་གོག་པོ་ན།།
ཁ་ཐབས་སྐྱོ་བའི་མལ་ཆས་ཧྲལ་ཧྲུལ་གསེབ།།
ག་སར་གོ་ཆོད་མེད་པའི་གྱི་ན་བ།།
ང་རོའི་སྨྲེང་གླུ་མུར་གྱིན་ལོ་ཟླ་སྲུང་།།

ཅ་དངོས་ཁྲ་ཁྲ་ཟང་ཟིང་དབེན་པའི་ཁར།།
ཆ་ལག་རྫོགས་པའི་ཤེས་འཇོན་མེད་པས་ན།།
ཇ་རོའི་སྙིགས་མ་བཞིན་དུ་འབགས་གཙོག་ཁྲོད།།
ཉ་མ་ཁེར་རྐྱང་ལྟ་བུར་ལོ་ཟླ་སྲུང་།།

ཏ་ཐཱའི་བསྟན་ལ་བརྩོན་པ་ལྷོད་པ་དང་།།
ཐ་མལ་འཚོ་བར་མག་མོག་ཆེ་བས་ན།།
ད་སྐབས་གཞན་ལ་རྟེན་པའི་ངང་ཚུལ་དེས།།
ན་གཞོན་བྱེ་བའི་འོག་ཏུ་ལོ་ཟླ་སྲུང་།།

པཱ་ལགས་འཆི་མའི་ལྔ་ལམ་བཞུད་པས་ན།།
ཕ་ཤུལ་སྡུག་གི་ཡོ་ལང་ལྷག་པར་འཚུབས།།
བ་དན་བཞིན་དུ་གཞན་གྱི་དབང་སྒྱུར་ཐོག།
མ་སྲིང་ཁེར་བུ་སྡུག་གི་ལོ་ཟླ་སྲུང་།།

ཙ་རི་གངས་རིའི་ཁ་དོག་མེད་ས་ནས།།
ཚ་ཟེར་དྲོད་ཟེར་མེ་རླབས་ཕྱུར་ས་ནས།།
ཛ་རེ་ཛོ་རེའི་ནད་ངན་མཆེད་ས་ནས།།
ཝ་སྤྱང་འཁྱམས་པོ་ལྟར་དུ་ལོ་ཟླ་སྲུང་།།

ཞ་བོ་ལོང་བའི་ཆ་ཤས་མ་རྫོགས་ཀྱང་།།
ཟ་བཅའ་འབྲས་འདལ་སྐྱ་བོས་ལུས་ཟུངས་སྦྲིད།།
འ་ཆད་འུ་ཐུག་དེ་འདྲའི་ཁ་ཐབས་དེས།།
ཡ་ཁོག་རྐང་ཚིལ་ཟད་ཀྱིན་ལོ་ཟླ་སྲུང་།།

ར་རོ་ལྟ་བུར་ཡན་ལག་སྐམ་ཞིང་ཕྲ།།
ལ་ཕུག་ལྟ་བུར་ངོ་མདངས་ཞན་ཅིང་རྫོབ།།
ཤ་ཁྲག་ལྟ་བུར་གཞན་གྱིས་སྨོད་ཅིང་སྡང་།།
ས་གནས་གང་དུའང་སྐྱ་བོའི་ལོ་ཟླ་སྲུང་།།
 
ཧ་ཅང་གདུང་བའི་སྐྱོ་གླུ་གྱེར་ཐེངས་རེར།།
ཨ་གྲོགས་ཐུགས་སེམས་གཡོ་འགུལ་མ་ཐེབས་ཀྱང་།།
ཁེར་བུ་ཞིག་གིས་ཚེར་ལམ་བསྐྱོད་ལུགས་དང་།།
མེ་ཕུང་བརྒལ་བའི་སྡུག་བསྔལ་གསོང་པོ་ཡིན།།

💊ནད་ཡམས་ཀྱིས་གཟིར་བའི་དུས་ཞིག་ལ།😩😖😥


ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།