རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 16 January 2021

ཁ་བ་དང་ཕ་ཡུལ།

དོལ་སྨྱོན། ཧྥ་རན་སི།
 
ཁ་བ་མར་མར་འབབ་དུས། 
ངས་སྐད་ཅ་སྙན་པོ་སྙན་པོ་དེ་ཚོར་ཉན་འདོད་མི་འདུག
རྣམ་འགྱུར་མཛེས་པོ་མཛེས་པོ་དེ་ཚོ་ལའང་ལྟ་འདོད་མི་འདུག

སེམས་པ་སེམས་ཀྱིས་བླན་ཏེ་ཁ་བ་ལ་ལྷོད་ཀྱིས་བལྟས་ན།
ངས་ཕ་ཡུལ་མཐོང་ཐུབ། ཕ་ཡུལ་གྱི་རི་མགོ་དང་རི་མགོའི་ལབ་རྩེ་མཐོང་ཐུབ།

དེ་རིང་ཕ་ཡུལ་ན་ལོ་གསར་ཚེས་མ་ཐག་ཡིན་པས།
ཕ་ཡུལ་གྱི་རི་མགོ་དང་ལབ་རྩེ་ད་དུང་ཁང་ཐོག་དག་ན།
དར་ཅོག་དཀར་སེར་དམར་ལྗང་གི་བཀྲག་མདངས་འཚེར་གྱིན་ཡོད་ངེས། 

དར་ཤིང་ཤུག་པ་ཡིན་ལ་དར་རས་དཀར་པོ་ཞིག་གི་ངོས་ན།
ངའི་ལོ་རྟགས་དང་མིང་བྱང་བྲིས་ཡོད་ངེས།
དེའི་གཤམ་ན་ཚེ་ལུས་དབང་ཐང་རླུང་རྟ་དར་རོ་ཞེས་གསལ་པོར་བྲིས་ཡོད་ངེས།

དར་ཅོག་རླུང་གིས་བསྐྱོད་པ་མཛེས་པར་ཡོད་ངེས།
ཡར་ཀ་ཉི་མས་ཞུ་བ་སྣུམ་མེར་ཡོད་ངེས།

ད་དུང་།
བསང་དུད་དང་རེ་སྨོན་འདྲེས་ཡོད་ངེས།
ཡར་ཀ་དང་དྲན་གདུང་འདྲེས་ཡོད་ངེས།

ཁ་བ་ལྷོད་ཀྱིས་འབབ་རོགས།
ངས་ད་དུང་ཕ་ཡུལ་དྲན་དགོས།

ཕ་ཡུལ་ན་དེ་རིང་ལོ་གསར་ཚེས་མ་ཐག་ཡིན་པས།
ཕ་ཡུལ་གྱི་མི་དག་སྐྲ་ལོ་སྣུམ་མདངས་ཤིག་ཤིག་ཡིན་ངེས།
ཞལ་རས་འཛུམ་མདངས་ལྷང་ལྷང་ཡིན་ངེས། 

སྐེ་ལ་དར་དཀར་བཏགས་ནས་རྟེན་འབྲེལ་འགྲིགས་ནས་ཡོད་ངེས།
ལུས་ལ་ཟབ་འཕྱོར་སྤྲས་ནས་སྐྲག་མདངས་འཚེར་རེར་ཡོད་ངེས།
ལོ་ཆང་ཁམ་བུར་རོལ་ནས་སྣང་བ་ལིང་ངེར་ཡོད་ངེས།

གླུ་དབྱངས་ལེན་བཞིན་ཡོད་ངེས།
བྲོ་ར་སྒྲིག་བཞིན་ཡོད་ངེས། 

ད་དུང་།
བར་སྣང་དང་རླུང་རྟ་འདྲེས་ཡོད་ངེས།
རླུང་བུ་བསང་དུད་འདྲེས་ཡོད་ངེས། 

གསོལ་འདེབས་དང་རེ་སྨོན་འདྲེས་ཡོད་ངེས། 
དགའ་སྤྲོ་དང་སྐྱོ་གདུང་འདྲེས་ཡོད་ངེས།

ཁ་བ།
ཕ་ཡུལ་དུ་འབབ་ན་སྤྲོ་སྣང་ཡིན་འདུག
ཁ་བ།
ས་མཐའ་རུ་འབབ་ན་སྐྱོ་སྣང་རེད་འདུག

གང་ལྟར།
ཁ་བ་ལྷོད་ཀྱིས་འབབ་རོགས།
ངས་མུ་མཐུད་ནས་ཕ་ཡུལ་དྲན་དགོས།
ཕ་ཡུལ་དྲན་པའི་སྙན་ངག་འབྲི་དགོས། 

༡༦།༠༡།༢༠༢༠

 

ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།