༈ དཔལ་ཡུལ་པར་ཤིང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་ངོ་སྤྲོད་མདོར་བསྡུས་ནི། འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཐེག་པ་རིམ་པ་དགུ་ཡོད། དེ་ཡིན་དུས་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དང་ཟབ་པའི་ནང་ན་ཡང་ཐེག་པ་རིམ་དགུ་ཚང་ཞིང་ཚང་བ་ཡོད་རེད། རྒྱ་ཆེ་བའི་ཆོས་སྐོར་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དང་ཐུན་མོང་གི་རྒྱུད་སྡེ་མང་པོ་རྣམས་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པ་སོགས་སྤྲུལ་ནས་གསུངས་པའི་གསུང་རབ་དག་སྡེ་དགེ་པར་ཁང་དུ་བཞུགས་ཡོད་རེད། ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཆོས་ཐེག་པ་རིམ་དགུའི་ཆོས་ཚུལ་དེ་བཀའ་མ་རེད།
བཀའ་མ་ཟེར་བ་དེ་དང་པོ་རྒྱ་གར་དུ་དར། དེ་ནས་བོད་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་གཙོས་པའི་ལོ་ཙཱ་བ་དང་པཎྜི་ཏ་བརྒྱ་རྩས་བསྒྱུར་ཞུས་འཆད་ཉན་ལ་བརྟེན་ནས་སྲོལ་ཚུགས་པ་ལ་སྔ་འགྱུར་བཀའ་མ་ཟེར། རིག་པའི་གནས་ལྔ་ལས་ནང་དོན་རིག་པ་ཡིན། དེ་བཞེངས་པ་ལ་ཕན་ཡོན་ཅི་ཡོད་ཟེར་ན། འཇིགས་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ཆོས་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པའི་ཆོས་ཤིག་ཡིན། བཀའ་མ་ཡོད་ནས་བཟུང་གྲུབ་པའི་འབྲས་བུ་དེ་ཁ་སྟོང་ཚིག་སྟོང་ཙམ་མ་ཡིན་པར་རྒྱ་གར་འཕགས་པའི་ཡུལ་དུ་འཇའ་ལུས་སུ་གྲུབ་པ་མང་པོ་དང་། བོད་གངས་ཅན་ལྗོངས་ན་འཇའ་ལུས་སུ་གྲུབ་པ་མང་པོ། ཕྱིས་སུ་ཡང་དངོས་མཐོང་ལག་རེག་མི་ལོ་ཉི་ཤུའི་གོང་ལའང་འཇའ་ལུས་སུ་གྲུབ་པ་ཚང་མས་གོ་རིག་བྱུང་བ་མངོན་སུམ་རེད། ཕལ་ཆེ་བ་གྲུབ་པ་ཐོབ་ནས་ནམ་མཁར་འཕུར་བ། ས་ནང་འཛུལ་བ། དེ་རྣམས་གྲུབ་པ་ཐོབ་མཁན་རྐྱང་རྐྱང་རེད། ཡིན་ན་ཡང་བོད་དུ་རྙིང་མ་པ་ལས་བཀའ་མ་དང་གཏེར་མ་གཉིས་ལས་དེ་ཡན་བཀའ་མས་འཇའ་ལུས་སུ་གྲུབ་པ་དང་། ཕྱིས་སུ་གཏེར་མ་བྱོན་ནས་བཀའ་གཏེར་ཟུང་འཇུག་ལ་བརྟེན་ནས་འཇའ་ལུས་སུ་གྲུབ་པ་རེད།
གཏེར་མ་དེ་རྒྱ་ཆེ་འོང་དུས་དུས་རབས་རེ་རེ་བཞིན་ཇེ་རྒྱས་སུ་སོང་ནས་བཀའ་མའི་ཆོས་དེ་ཇེ་ཉུང་དང་ཇེ་ཉུང་དུ་གྱུར་ནས་བར་སྐབས་ཤིག་ནུབ་ལ་ཉེ་བར་གྱུར། སྐབས་དེར་རྒྱ་དཀར་ནག་བལ་འབྲུག་བོད་ཀྱི་རྩེ་པོ་ཏ་ལ་མན་ཆད་བཀའ་བསྡུ་ལོ་མང་པོའི་རིང་དཀའ་ངལ་ཁྱད་བསད་བྱས་ཏེ་དཔེ་རྒྱུན་རྣམས་ཨེ་ལོན་བལྟས་ནས་དེ་དག་བསྡུ་རུག་བྱས་པ་ཡིན། གསུང་རབ་དེ་དག་ཧ་ཅང་དཀོན་པའི་ཚད་ཡིན། མཐར་གཏུགས་ན་ཚན་རིག་གི་འབྱུང་ཁུངས་ཀྱང་ནང་དོན་རིག་པ་ཡིན་ཏེ། རྨ་བྱའི་མདངས་བཀྲ་གཅིག་ལ་ཡང་རྒྱུ་རྐྱེན་གང་ཡོད་སངས་རྒྱས་ཀྱིས་མ་གཏོགས་ཉན་རང་བྱང་སེམས་སུས་ཀྱང་མ་མཁྱེན་པས་གྲུབ་པ་ཡིན།
དང་པོར་བཀའ་མ་བརྐོ་དུས་རྒྱའི་སློབ་མ་ཁ་ཤས་ཀྱིས་འདི་ནི་ལས་སླ་པོ་རེད། སྒོར་མོ་ཁྲི་ཚོ་བཅུ་ཕྲག་ཁ་ཤས་ཀྱིས་པར་གློག་བརྒྱབས་ནས་བརྒྱ་སྟོང་མང་པོ་སྤེལ་ཆོག་པ་ལས་བརྐོ་ཚད་ག་བ་ཡོད་རེད་ཟེར། དེ་ལ་གཏམ་ལན་ག་རེ་བརྒྱབས་ཡིན་ཟེར་ན། མཁན་པོ་ཚེ་དབང་གིས་བཀའ་མའི་དཀར་ཆག་མཐར་བཙུད་ཡོད་རེད། གྲུབ་དབང་གོང་མས་གྱང་ཁང་གོང་མ་ལ་གདམས་པ་ལས། "རྟེན་བཞེངས་དེ་ཁྱིམ་པ་ཕོ་མོའི་ལས། །དེ་རང་རེས་སྒྲུབ་ལ་དགོས་པ་མེད། །རྟེན་བཞེངས་ཀྱི་ནང་ནས་པར་ཡི་གེ །དེ་སངས་རྒྱས་བསྟན་པའི་རྒྱུན་འཛིན་ཅིང་། །བཞེངས་ཚར་ནས་ཤིང་རྩིག་ཤོག་རྩིག་ལས། །མི་གཞན་ལ་ངོམ་ཆོས་སུ་མི་འགྲོ། །ཆོས་དོན་དང་ལྡན་པ་དེ་རེད་སྙམ།།" ཞེས་གསུངས་པའི་ཞལ་གདམས་འདི་ལ་ཡིད་ཆེས་བཟོས་ནས་པར་ཤིང་བརྐོས་པ་རེད།
སྤྱིར་བཏང་ནས་བཤད་ན་སྐུ་གསུང་ཐུགས་རྟེན་བང་སྒྲིག་ན་ཡང་དང་པོ་གསུང་རྟེན་བཞག དེ་ནས་ཐུགས་རྟེན་བཞག །དེ་ནས་སྐུ་རྟེན་མཐའ་མ་བཞག་དགོས་རེད། དེང་སང་ངེད་རྣམས་ཀྱིས་སྐུ་རྟེན་གོང་མར་བཞག །གསུང་རྟེན་མགོ་ཀླད་ན་བཞག་པ་ཐུར་མགོ་རེད་ཚར་རེད། མཆོད་པའི་རྟེན་དུ་བྱས་ན་གསུང་རྟེན་དེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་གསུམ་ཀ་འདུས་ཤིང་ཡོད་རེད། "ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཉིད་ཡི་གེའི་གཟུགས་སུ་སྤྲུལ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་མཆོད་པ་གྱིས།།" ཞེས་གསུངས་ཡོད་རེད་བ། གསུང་རྟེན་གྱི་ནང་ནས་མདོ་ལས་ཀྱང་སྔགས། སྔགས་ལས་ཀྱང་ཟབ་རིམ་བཞིན་ཕན་ཡོན་ཆེ་བར་གསུངས་ཡོད་རེད། བཀའ་མ་ཟེར་བ་དེ་ཐེག་པ་རིམ་དགུའི་ཆོས་ཚུལ་མ་ཚང་བ་མེད་པ་ཞིག་རེད།
པར་བརྐོ་རྒྱུ་དང་འཕྲུལ་ཆ་གཉིས་བྱས་ན་འཕྲུལ་ཆས་གཅིག་བཏབ་ཚར་དུས་ཚར་རེད། འཕྲུལ་ཆ་ཁོ་རང་མཆོད་པའི་རྟེན་དུ་འགྲོ་མ་རེད། པར་བརྐོས་བཞག་ན་པར་གྱི་པར་ཤིང་དེ་ཚོ་རྟེན་དུ་འགྲོ་བ་སྡེ་དགེའི་བཀའ་བསྟན་འགྱུར་གྱི་པར་དང་འདྲ་འདྲ་རེད། སྐུ་གསུང་ཐུགས་རྟེན་གྱི་གྲལ་ལ་འགྲོ་རེད། པར་ཤིང་བརྐོས་བཞག་ན་མི་སུས་ཀྱང་དུས་དང་རྒྱུན་པར་ནམ་སྤྱོད་ན་སྤྱོད་ཆོག་རེད། སྣག་ཚ་དང་ཤོག་བུ་ཡོད་ན་རེད་ཚར་རེད། དེ་ནས་འཕྲུལ་ཆ་ཡིན་ན་མཐའ་ཡོད་མ་རེད། པར་ཤིང་ཡིན་ན་ལོ་བརྒྱ་ཚོ་མང་པོ་སྡེ་དགེའི་པར་ཁང་དང་ལྷ་ས་པོ་ཏ་རྩེའི་པར་དང་འདྲ་འདྲ་རེད། བཏབ་ཚར་དུས་འཕྲུལ་པར་བཞིན་མེད་འགྲོ་རྒྱུ་ཡོད་མ་རེད། ལོ་བརྒྱ་རེད་སོང་ན་ཡང་ཡི་གེ་དེ་འདྲ་འདུག་འགྲོ་རེད།
ངས་འབད་པ་བྱས་ཡོད་རེད། བྱེད་དགོས་པའི་རྒྱུ་མཚན་ནི། ཚང་མས་བཀའ་མ་འདི་ཁོའི་ལྷ་དང་ངའི་བྱས་རྗེས་ཡིན་རབས་མང་པོ་བཤད་འདུག །བཀའ་མ་དེ་བོད་གངས་ཅན་ལྗོངས་ན་རིག་གནས་གསར་བརྗེ་ཆེན་པོའི་སྔོན་ལ་དཔལ་ཡུལ་དུ་པོད་ཉེར་ལྔ་ཡོད་རེད། དེ་ནས་རྒྱ་གར་དུ་གྲུབ་དབང་རིན་པོ་ཆེ་ཕེབས་ཁར་རྒྱ་ཤོག་ངོར་བཀའ་མ་ཚར་གཉིས་བཏབ་ནས་ཆ་གཅིག་བདུད་འཇོམས་རིན་པོ་ཆེ་ལ་ཕུལ་ཡོད་རེད། ཆ་གཅིག་སྨིན་གླིང་གཅུང་རིན་པོ་ཆེ་ལ་ཕུལ་ཡོད་རེད། དེའི་རྐྱེན་གྱིས་བདུད་འཇོམས་རིན་པོ་ཆེས་བཀའ་མ་དུམ་པ་ཞེ་བརྒྱད་པོད་བསྒྲིགས་བྱས་ཡོད་རེད། ངས་ ༡༩༨༢ ལོ་རྒྱ་གར་ནས་མར་ཁུར་འོང་ཡིན། དེ་ནས་འཕྲུལ་ཆ་ཉོས་ནས་དུམ་པ་ཞེ་བརྒྱད་དེ་བཏབ་ནས་ག་ས་ག་ལ་བཀྲམ་པ་རེད། དེའི་རྗེས་རིན་པོ་ཆེ་བྱོན་འོང་དུས་སླར་ཡང་བདུད་འཇོམས་ཀྱིས་པོད་ང་བརྒྱད་བསྒྲིགས་པ་དེ་བསྣམས་བྱུང་བ་ཡང་བསྐྱར་བཏབ་ནས་བཀྲམ་པ་རེད། དེ་ནས་ ༡༩༨༣ ལོ་ནས་པར་ཤིང་བརྐོ་འགོ་བཙུགས་ཡིན། ཀཿཐོག་མཁན་པོ་འཇམ་དབྱངས་ངེད་གཉིས་མཆེད་གྲོགས་རེད། ཁྱོས་པར་བརྐོ་ཕོ་བགྱིད་ན་དཔེ་ཆ་གཞན་རྣམས་ཁོང་གིས་བསྡུ་རོགས་བྱེད་གསུངས་ནས་ལྷ་ས་མན་ཆད་རོགས་དན་མཛད་པས་བཀའ་དྲིན་ཆེན་པོ་ཡིན། དེའི་ཞོར་ལ་ཀཿཐོག་བཀའ་མ་ཞེས་པ་ཞིག་གསར་དུ་བསྡུ་རུག་བྱས་ཏེ་པར་བསྐྲུན་མཛད་ཡོད་རེད།
དེ་རྣམས་སུ་སྔ་བ་རེད། སུ་སྔ་བ་མ་རེད། བཀའ་མ་ལ་བྱས་རྗེས་སྤྱི་ཚོགས་རྙིང་པའི་སྐབས་སུ་སུ་ཆེ་བ་རེད། དེ་རིང་ཁ་རྩང་སྔ་འགྱུར་བཀའ་མ་ལ་བྱས་རྗེས་སུ་སུ་ཆེ་བ་རེད། དེ་རིང་ཁ་རྩང་སྔ་འགྱུར་བཀའ་མ་ལ་བྱས་རྗེས་སུ་ཆེ་འདུག སུ་དེ་བཀའ་མ་དར་མི་རེད་འདུག དེ་རིང་ཁ་རྩང་ཚང་མས་བཀའ་མ་བཀའ་མ་ཟེར་མི་ཞིག་རེད་ཚར་ཟིག བཀའ་མའི་ཡིག་ཆ་དེ་སུས་ཁུར་ཡོད་རེད་ཟེར་ན་དཔལ་ཡུལ་ཚང་གིས་ཁུར་ཡོད་རེད། དེ་རྒྱལ་བ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་དུས་ལ་བབ་འོང་བཞིན་ཡོད་རེད། མཐའ་མཇུག་དཔལ་ཡུལ་བསྟན་པ་འདི་རྒྱས་པའི་ལུང་བསྟན་ཡང་ཡོད་རེད་ཅེས་གསུངས། དཔལ་སྤྲུལ་མུ་ནེ་བྷ་དྲའི་གསུང་ལས་ཡིག་འབེབས་པ་མ་ཏི་དྷ་ཛས་སོ།།
_____________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།