རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 11 February 2021

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ལྕགས་མོ་གླང་ལོའི་ལོ་གསར་ལ་གནང་བའི་བཀའ་སློབ་ཟིན་བྲིས།

ཡིག་འབེབས་པ། ཡུལ་ཤུལ་བདེ་རྣམ།


     དེ་རིང་ལྕགས་མོ་གླང་གི་ལོ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་པའི་ཉི་མ་འདི་ལ་བོད་གངས་ཅན་གྱི་གཞིས་བྱེས་གཉིས་ཀ་ལ་བཞུགས་པའི་བོད་གངས་ཅན་གྱི་ཕུ་ནུ་མིང་སྲིང་ཀུན་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། ལོ་གསར་པ་འདི་ཡི་ནང་ལ་རྣམ་པ་ཀུན་གྱི་སྐུ་ཁམས་བདེ་བ་དང་སེམས་ཁམས་སྐྱིད་པ། བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བ་དང་། བསམ་དོན་ཆོས་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། དེ་དང་མཉམ་དུ་ཞུ་དགོས་པའི་དོན་དག་ཁ་ཤས་ཞིག་འདུག

དོན་དག་དང་པོ།
          ད་རེས་ང་ཚོའི་ལོ་གསར་གྱི་སྐབས་འདིར། མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོའི་ལོ་གསར་དེ། མི་ལོ་སྟོང་ཕྲག་དང་ཁྲི་ཁྲག་ནས་བརྒྱུད་པའི་སྲོལ་རྒྱུན་ལ་ཡོད་པའི། བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་ལོ་གསར་གཏོང་སྲོལ་གྱི་རིག་གནས་སམ་དམངས་སྲོལ་ས་ཕྱོགས་སོ་སོ་ལ་མི་འདྲ་བ་དེ་འདྲ་འདུག ལོ་འདིར་རྐྱང་པ་མ་ཡིན་པར་ནམ་རྒྱུན་ལོ་གསར་གྱི་སྐབས་འདིར། སོ་སོའི་སྲོལ་རྒྱུན་ལ་ལུགས་སྲོལ་གང་འདྲ་ཡོད་ན་ཡང་ལུགས་སྲོལ་དེ་མི་ཉམས་པ་བྱེད་པ་དང་། ཉམས་ཟིན་པ་དག་ལ་ཡང་ཞིབ་འཇུག་དང་བསྔོག་འདོན་བྱས་ནས་ཉམས་གསོ་ཡག་པོ་ཞིག་བྱས་ཏེ། རྗེས་སུ་སོ་སོ་རང་རང་གིས་སྔ་མའི་སྲོལ་རྒྱུན་དེ་གཙོ་བོ་བྱས་ཏེ་ལོ་གསར་གཏོང་རྒྱུ་དང་། རྒན་པ་ཚོས་ཀྱང་གཞོན་པ་ཚོ་ལ་ལུགས་སྲོལ་དེ་དག་ཡག་པོ་ཞིག་སློབ་རྒྱུ་དང་། གཞོན་པ་ཚོས་ཀྱང་དེ་དག་ནི་གནའ་ཡི་ལུགས་དང་། རྙིང་པ་དང་རྗེས་ལུས། རྙིང་རུལ་སོགས་སུ་མི་བསམ་པར་སྲོལ་རྒྱུན་གྱི་ལུགས་སྲོལ་དེ་དག་ལ་ཡག་པོ་ཞིག་སློབ་སྦྱོང་བྱས་ཏེ་མི་རབས་ནས་མི་རབས་ཀྱི་བར་དུ་མི་ཉམས་པ་བྱེད་རྒྱུ་ནི། འཛམ་གླིང་གི་མི་རིགས་སུ་ཞིག་ཡིན་ན་ཡང་སོ་སོ་ལ་རང་རང་གི་སྲོལ་རྒྱུན་གྱི་རིག་གནས་དེ་དཔེ་གལ་ཆེན་པོ་རེད་ལ། ང་ཚོ་ཡང་དེ་དང་འདྲ་བ་ཡིན་པས་ཤིན་ཏུ་གལ་ཆེན་པོ་རེད། དེའི་ནང་ནས་ལོ་གསར་དང་འབྲེལ་བའི་རིག་གནས་འདི་དེའི་ནང་ནས་གཅིག་རེད། 

     དེས་ན་ང་ཚོའི་ལོ་གསར་གྱི་སྐབས་སུ་ས་ཕྱོགས་སོ་སོ་ལ་སྔ་མ་ནས་ལུགས་སྲོལ་ག་རེ་ཡོད་ན་ཡང་དེ་དག་རྒྱུན་འཛིན་བྱེད་རྒྱུ་དང་། དར་སྤེལ་བྱེད་རྒྱུ་འདི་དཔེ་གལ་ཆེན་པོ་རེད། ཡིན་ན་ཡང་ད་ལྟ་ང་ཚོའི་བྱ་བ་མང་པོ་ཞིག་རང་ལ་ཡོད་པ་ཐམས་ཅད་ཕར་དོར་ནས། གཞན་གྱི་རྗེས་བརྗོད་དང་ལད་མོ་བྱེད་ཅིང་དེ་ཡང་ཡག་པོ་ཞིག་མི་ཡོང་བ་རེད་འདུག མ་ཡོང་ན་ཡང་དེ་ལྟར་བྱེད་པའི་གནས་ཚུལ་ད་སྐབས་ང་ཚོ་ལ་འདུག་མོད། དེའི་གནས་ཚུལ་ལ་བརྟེན་ནས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ཉམས་འདུག་ལ། ད་སྐབས་ཀྱང་ཉམས་བཞིན་པ་རེད། དེ་ན་ད་སྐབས་ཉམས་གསོ་བྱེད་པ་ནི་གལ་ཆེན་པོ་རེད། དེ་ནས་འཛམ་བུ་གླིང་ལ་བསམ་བློ་གཏོང་བ་ཡིན་ན། སུ་དང་སུ་ཞིག་ཡིན་ཡང་མི་རིགས་རང་གི་སྲོལ་རྒྱུན་དེ་མི་ཉམས་པར་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་དང་། རིག་པའི་གཞུང་ལུགས་དང་མཁས་པ་ཚོའི་ཁ་ནང་ནས་བཤད་པ་རྐྱང་པ་ཙམ་མ་ཡིན་པར། དམངས་ཁྲོད་ཀྱི་འཚོ་བའི་ནང་དུ་གསོན་པོ་འདྲ་བོ་ལག་ལེན་གྱི་སྟེང་ནས་དངོས་སུ་སྒྲུབ་རྒྱུ་ཡོད་པ་དེ་ལ་འཛམ་གླིང་ཐོག་གི་མི་ཀུན་གྱིས་ཡག་པོ་རུ་བརྩི་གི་ཡོད་པ་ལས། དེ་དག་མེད་པར་བྱས་ཏེ་འཛམ་གླིང་ཚང་མ་གཅིག་པ་འདྲ་བྱེད་དགོས་ཤིང་། སོ་སོ་རང་རང་ལ་ཆེ་ཆོས་ཡོད་མི་ཉེན་ཟེར་གྱི་མ་རེད་ལ། ང་ཚོ་ལ་ཡང་བསམ་བློ་དེ་འདྲ་ཡོད་ཉན་གྱི་མ་རེད། དེས་ན་ལོ་གསར་དང་འབྲེལ་བའི་རིག་གནས་དེ་དག་རྒྱུད་འཛིན་དར་སྤེལ་ཡག་པོ་ཞིག་གནང་རོགས་དགོས་ཀྱི་འདུག དེ་རྣམ་པ་ཚོའི་ཐུགས་ལ་ཡག་པོ་ཞིག་འཇོག་གནང་རོགས།

དོན་དག་གཉིས་པ།
          ལོ་གསར་གྱི་སྐབས་སུ་བོད་མཐོ་སྒང་རང་ནས་བྱུང་བའི་བཟའ་བ་དང་བཅའ་བ། བཏུང་བ་ཕུན་སུམ་ཚོགས་པ་ཞིག་ང་ཚོ་ལ་འདུག དེ་དག་ཀྱང་ད་སྐབས་མང་པོ་ཞིག་ཉམས་བཞིན་པ་རེད། འོན་ཀྱང་ད་དུང་ད་སྐབས་ཀྱང་གྲངས་ཀའི་དབང་དུ་བྱས་ན། དངོས་སུ་ལག་ལེན་ལ་བསྟར་ཆོག་པ་དེ་འདྲ་ལའང་སྟོང་ཕྲག་ལྷག་འདུག ད་དུང་བོད་ཀྱི་སྲོལ་རྒྱུན་གྱི་བཟའ་བཏུང་ཚང་མ་དེ་ཕྱོགས་གཅིག་ཏུ་བསྡུས་ན་ཧ་ལས་པ་མང་པོ་ཡོད་ས་རེད། དེ་འདྲའི་སྔ་མ་ནས་ཡོད་པའི་ཟ་མ་དེ་དག་ལོ་སར་གྱི་སྐབས་དང་གཉེན་སྟོན། ཆོས་སྟོན་དང་དུས་སྟོན་སོགས་གང་དང་གང་གི་སྐབས་སུ་ཡང་གཙོ་བོ་བྱེད་རྒྱུ་དང་། ནམ་རྒྱུན་དམངས་ཁྲོད་དུ་སོ་སོ་རང་གི་ཉིན་རེའི་འཚོ་བའི་ནང་དུ་ཡང་རང་ས་ནས་ཐོན་པའི་ཟ་མ་དེ་གཙོ་བོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། གཙོ་བོ་ང་ཚོའི་རིག་གནས་ཡིན་པ་དང་། ཕ་མེས་ཀྱི་ལུགས་སྲོལ་ཡིན་པ་ཙམ་མ་ཡིན་པར། ད་ལྟའི་མི་རྣམ་ཀྱིས་མདོ་དབུས་མཐོ་སྒང་རང་ནས་བྱུང་བའི་བཟའ་བཅའ་ལ་བརྟེན་ན། གཅིག་ནས་ལུས་པོའི་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད་པ་དང་། གཉིས་ནས་ལུས་པོ་ཁོ་ན་ཙམ་མ་ཡིན་པར་སེམས་ཁམས་ལའང་ཕན་པ་ཡག་པོ་ཡོད་པ་རེད། དེ་ནི་ད་སྐབས་འཛམ་གླིང་གི་གསོ་བ་རིག་པ་དང་མཚན་རིག་པ་དག་གིས་བཤད་ཀྱིན་འདུག དེ་ཡང་ཁོ་ཚོས་ས་ཆ་གཅིག་ལ་ཡོད་པའི་མི་དང་དེ་ན་ཡོད་པའི་རྩི་ཤིང་དང་འབྲུ་རིགས་ཀྱི་བར་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་ཅིང་། དེའི་འབྲེལ་བ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཕན་པ་བྱེད་པའི་འབྲེལ་བ་ཡིན་ཞིང་། དཔེར་ན། མི་ཞིག་ལ་བསམ་བློ་གཏང་ན། ས་ཆ་གཞན་ལས་བྱུང་བའི་ཟ་མ་མང་པོ་ཟ་བ་དང་། གཞན་ཡང་དབྱར་ལ་སྐྱེས་པ་དགུན་ལ་ཟ་བ་དང། དགུན་ལ་སྐྱེས་པ་དབྱར་ལ་ཟ་བ། དེ་ལྟར་དུས་ཚོད་གོ་ལྡོག་གི་ཟ་མ་ཟ་བ་དེས་སོ་སོའི་ལུས་པོ་ལ་གནོད་པ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེས་ན་མི་དེ་ས་ཆ་གང་ན་ཡོད་ཀྱང་ས་ཆ་དེ་ན་ཡོད་པའི་ཟ་མ་དང་། དབྱར་ཀར་ཡོད་པའི་ཟ་མ་ཡིན་ན་དབྱར་ཀར་ཟ་བ་དང་། དགུན་ཁར་ཡོད་པའི་ཟ་མ་ཡིན་ན་དགུན་ཁར་ཟོས་ཏེ། དུས་ཚོད་དེ་དག་གོ་ལྡོག་ཆེན་པོ་ཞིག་མ་བྱས་ན་དེ་ལས་ཀྱང་ཕན་པ་རེད་ཅེས་བཤད་ཀྱི་འདུག དེ་ནི་ཡོངས་གྲགས་ལྟ་བུ་ཡིན་ཞིང་དོན་ལ་ཡང་དེ་ལྟར་ཡིན་ས་རེད། དེ་ཡང་མི་ཁོ་ན་ཙམ་མ་ཡིན་པར་སྲོག་ཆགས་གང་དང་གང་ཡིན་ན་ཡང་ཁོ་རང་འཁོར་ཡུག་དེའི་ནང་ན་འཚར་ལོངས་བྱུང་བའི་སྐབས་སུ་ཁོ་རང་གི་ལུས་ཁམས་དེ་རིམ་གྱིས་གྲུབ་པའི་སྐབས་སུ་འཁོར་ཡུག་དེས་ཀྱང་དེའི་མཁའ་དབུགས་དང་ཆུ། རྩི་ཤིང་དང་འབྲུ་རིགས་སོགས་གང་ཞིག་ཡིན་ཡང་ཁོ་རང་ལ་ལུས་པོའི་འཚར་ལོངས་ཀྱི་ནང་ན་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཀྱི་ཡོད་པ་རེད། དེས་ན་འཁོར་ཡུག་དེ་ལ་བརྟེན་ནས་འཚར་ལོངས་བྱུང་བའི་ལུས་པོ་དེ་ལ་གཙོ་བོ་ལུས་པོ་དེ་མུ་མཐུད་ནས་གནས་དགོས་ནའང་། འཁོར་ཡུག་དེ་ལས་བྱུང་བའི་ཆུ་དང་མཁའ་དབུགས་སོགས་ལ་རྒྱུ་འབྲས་ཀྱི་ཐོག་ནས་ཕན་ཚུན་མཐུན་པོ་ཡོད་པའི་རྒྱུ་མཚན་གྱིས་ཕན་པ་ཆེན་པོ་ཡོང་གི་ཡོད་ས་རེད། དེ་ལས་ལུས་པོ་དེ་མུ་མཐུད་དེ་འཚར་ལོངས་དང་རིམ་པ་བཞིན་དུ་གྲུབ་པའི་སྐབས་སུ། རྩ་བ་ནས་མེད་པའི་ཆུ་སོགས་ཀྱིས་རིམ་གྱིས་གནོད་པ་ཐེབས་ཡོང་གི་ཡོད་ས་རེད། དེ་ནི་རྒྱུ་རྐྱེན་རྟེན་འབྲེལ་ཟེར་བ་དེ་དེ་འདྲ་ཞིག་རེད། དེས་ན་ང་ཚོའི་ལུས་ཀྱི་བདེ་ཐང་ལའང་དེ་འདྲར་ཕན་ཐོག་འདུག་ལ། སེམས་ཁམས་ལ་ཡང་དེ་འདྲ་ཕན་པ་རེད། དཔེར་ན། སྔོན་ནས་ཆོས་ཀྱི་ནང་དུ་གསུང་འདུག་ཅིང་། རྣལ་འབྱོར་པ་ཉམས་ལེན་བྱེད་མཁན་ཞིག་ཡིན་ན། དཔེར་ན་སེམས་ཀྱི་ཐོག་ན་ཉམས་འདྲ་མིན་དང་། སྒོམ་རྒྱག་སྐབས་སྒོམ་ཡག་པོ་ཡོང་དང་མི་ཡོང་རྒྱུའི་གནས་ཚུལ་བྱུང་བའི་སྐབས་སུ་ཟ་མ་གང་འདྲ་བསྟེན་པ་དང་། འཁོར་ཡུག་གང་འདྲར་འདུག་དགོས་ཚུལ་སོགས་ཆོས་ཀྱི་ནང་དུ་མང་པོ་ཞིག་གསུང་འདུག་ཅིང་། དེ་དག་དེ་གཙོ་བོ་སེམས་ཁམས་ཀྱི་ཐོག་ནས་གསུངས་ཀྱི་ཡོད་པ་རེད། དེས་ན་ཟ་མ་འདི་ལ་མི་ཡི་ལུས་དང་སེམས་ཁམས་ཚང་མ་ལ་འབྲེལ་བ་འདུག་པས། མདོ་དབུས་མཐོ་སྒང་ནས་འཚར་ལོངས་བྱུང་མཁན་གྱི་མི་དེ་ཚོས་རང་ས་ནས་བྱུང་བའི་ཟ་མ་དེ་བཙོ་བོ་བྱེད་པ་དེ་བདེ་ཐང་གི་ཐད་ནས་བཤད་ཀྱང་གལ་ཆེན་པོ་རེད་འདུག གཉིས་ནས་ང་ཚོ་རང་གི་རིག་གནས་རེད། གསུམ་ནས་ང་ཚོ་རང་གི་ཟ་མ་ལ་བརྟེན་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ན། དེ་ལ་བརྟེན་ནས་དངོས་སམ་བརྒྱུད་ནས་དཔལ་འབྱོར་ལའང་ཕན་ཡང་དག་ཡོང་གི་རེད། དེས་ན་རང་གི་ཟ་མ་དེ་དོར་ནས་གཞན་པ་རྐྱང་པར་བརྟེན་པ་ནི་ཕྱོགས་གང་ཐད་ནས་བཤད་ཀྱང་མ་འོས་པ་ཞིག་དང་། ཉེན་ཁ་དང་བཅས་པ་ཞིག་དང་། གྱོང་གུད་ཆེན་པོ་ཡོད་མཁན་གྱི་བྱ་བ་དེ་འདྲ་རེད་འདུག་པས། ཀུན་གྱིས་དེ་ལ་བརྟེན་ནས་ནམ་རྒྱུན་བོད་རང་གི་ཟ་མ་དེ་གཙོ་བོ་བྱེད་དགོས་ཀྱི་འདུག བོད་མདོ་དབུས་མཐོ་སྒང་ནས་བྱུང་བའི་ཟ་མའི་རྒྱུ་ཆ་ལ་བསམ་བློ་གཏོང་ན། མདོ་དབུས་མཐོ་སྒང་ནས་བྱུང་བའི་ཆུ་དང་མཁའ་དབུགས་སོགས་ལ་འབག་བཙོག་འདྲ་མིན་མང་པོ་མེད་ཅིང་། ཆུ་དང་མཁའ་དབུགས་སོགས་གཙང་མ་ཡིན་པས་ད་སྐབས་བོད་ཀྱི་ས་ཆ་ལ་རྫས་འགྱུར་སོགས་བེད་སྤྱོད་བྱེད་ཀྱི་མེད་པས་ཟ་མའི་རྒྱུ་ཆ་ཡག་པོ་རེད།

        དེ་ནས་ཟ་མ་ཉར་ཚགས་བྱེད་པའི་སྐབས་སུ་ཡང་རིམ་འགོག་གི་རྫས་དང་མདོག་ཡག་པོ་ཡོང་བྱེད་དང་། དྲོ་བ་ཡག་པོ་ཡོང་བྱེད་ཀྱི་རྫས་འདྲ་མིན་མང་པོས་བསླད་ཆ་རྒྱབ་མི་འདུག་པས་ཡག་པོ་འདུག དེ་ནས་ཟ་མ་བཟོ་ཚུལ་ལ་ཡང་བོད་ཀྱི་ཟ་མ་དེ་མེ་ནང་ལ་བསྲེག་པ་དང་། ཆུ་ནང་ལ་བསྐོལ་རྒྱུ་སོགས་བཟོ་ཚུལ་ལ་ཡང་ལུས་ལ་འཕྲོད་མཁན་དང་། བདེ་ཐང་ལ་ཕན་པ་དེ་འདྲ་རེད། དེས་ན་གཅིག་ནས་ཟ་མའི་རྒྱུ་ཆ། གཉིས་ནས་ཟ་མའི་ཉར་ཚགས། གསུམ་ནས་གཡོ་བསྐོལ་ཏེ་གང་གི་སྐབས་སུ་ཡང་ལུས་ཀྱི་བདེ་ཐང་ལ་ཕན་པ་ཡག་པོ་ཡོད་མཁན་དེ་འདྲ་ཡིན་པས་ངེས་པར་དུ་རང་གི་ཟ་མ་དེ་གཙོ་བོ་བྱས་ན་ཕན་ཐོགས་ཡག་པོ་ཡོང་གི་རེད། དེ་ཀུན་གྱིས་ཐུགས་ལ་ཡག་པོ་འཇོག་རོགས། འདིར་མི་རིགས་གཞན་གྱི་ཟ་མ་ཟ་མི་ཉེན་ཡང་ཟེར་གྱི་ཡོད་མ་རེད་ལ། གཞན་གྱི་ཟ་མ་ཚང་མ་སྡུག་པོ་རེད་ཀྱང་ཟེར་གྱི་ཡོད་མ་རེད། འོན་ཀྱང་ཟ་མ་མང་པོ་ཞིག་གི་ནང་དུ། ཐོག་མར་ཟ་མའི་རྒྱུ་ཆ་ཡིན་ན། དཔེར་ན། ཞིང་ནང་དུ་རྫས་འགྱུར་གྱི་ལུད་འདྲ་མིན་ཡོད་པ་དང་། དེ་བཞིན་བྱ་དང་ཉ་དང་ཕག་སོགས་ཡིན་ན་གསོ་བའི་གནས་སྐབས་ནས་མི་ཡི་ལུས་ལ་གནོད་པའི་རྫས་འགྱུར་འདྲ་མིན་མང་པོ་ཞིག་ཁོ་ཚོའི་ཟ་རྒྱུའི་ནང་དུ་བསྲེས་ཡོད་པས། དེ་ཁྲག་བརྒྱུད་ནས་ཤ་ཡི་ནང་དུ་འགྲོ་ནས། དེ་མི་ཡི་ཁོག་ན་སོང་ཚེ་གནོད་པ་ཡོད་པ་དག་ནི་ཡོངས་གྲགས་རེད། དེ་བཞིན་ཟ་མ་མང་པོ་ཞིག་ནི་དུས་ཚོད་བརྒལ་ཚར་ན་ཡང་ཨང་གྲངས་དེ་དག་བརྗེ་སྤོས་བརྒྱབས་ཏེ་དུས་ཚོད་མ་བརྒལ་བའི་ཨང་གྲངས་བརྒྱབ་ཡོད་པ་དེ་འདྲ་ཡང་ད་སྐབས་མང་པོ་ཡོང་གི་འདུག ཕྱི་ཐུམ་ཐོག་གི་དུས་ཚོད་ལ་ལྟས་པ་ཡིན་ན་དུས་ཚོད་བརྒལ་མེད་པ་དང་། དོན་དུ་ནང་གི་ཟ་མ་དེ་དུས་ཚོད་བརྒལ་ཚར་བ་དེ་འདྲ་ཡང་མང་པོ་ང་ཚོའི་ས་ཆ་ལ་ཡོང་དང་ཡོང་བཞིན་པ་རེད། གཅིག་ནས་དུས་ཚོད་བརྒལ་ཚར་བ་དང་། གཉིས་ནས་ཟ་མའི་རྒྱུ་ཆ་ཡག་པོ་མ་ཡིན་པ་དང་། གསུམ་ནས་ནང་དུ་རུལ་འགོག་གི་རྫས་སོགས་མང་པོ་བླུག་ཡོད་པས་དེ་ཚོའི་སྐོར་དེ་མི་ཡི་ལུས་ལ་གནོད་པ་ཡོད་མཁན་རྐྱང་རྐྱང་རེད་འདུག དེས་ན་དེ་འདྲའི་ཟ་མ་མང་པོ་ཟོས་ན་རིམ་གྱིས་ངན་སྐྲན་གྱི་རིགས་འདྲ་མིན་མང་པོ་ཡོང་ནས། གཅིག་ནས་ལུས་ཀྱི་བདེ་ཐང་བརླག་པ་དང་། གཉིས་ནས་དཔལ་འབྱོར་འཕྲོ་བརླག་དང་། གསུམ་ནས་མཐའ་འཇུག་རང་གི་ཚེ་སྲོག་ཡང་བརླག་འགྲོ་བས་དེ་འདྲའི་ཟ་མ་ལ་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག དེ་དང་འདྲ་བར་དཔེར་ན། བཏུང་བ་ཡིན་ན་འོ་མའི་རིགས་དང་མངར་བ་དང་བསྐྱུར་བ་མང་པོ་ཞིག་འདུག་པ་འདི་དག་ནི་དཔེར་ན། འོ་མའི་བཏུང་ཆུ་ཚང་མ་རྫུན་མ་རེད་ཟེར་གྱི་མེད་དེ། ཤིང་ཐོག་ཁུ་བའི་རིགས་ཡིན་ཟེར་ཡང་ཤིང་ཐོག་ལས་མ་བྱུང་ཞིང་ཤིང་ཐོག་དང་འབྲེལ་བ་མེད་མཁན་དང་། འོ་མ་ཡིན་ཟེར་ཡང་དོན་དུ་སེམས་ཅན་དང་འབྲེལ་བ་གང་ཡང་མེད་མཁན་ཚང་མ་རྫས་འགྱུར་གྱི་སྒོ་ནས་ཡར་ལས་མར་ལས་བྱས་པ་དེ་འདྲ་མང་པོ་རེད། དེ་ཚོས་ང་ཚོའི་ལུས་ལ་གནོད་པ་མང་པོ་ཡོད་པས་དེས་ན་ལོ་གསར་སོགས་ནམ་དུ་ཡང་དེ་འདྲའི་ཟ་མ་ལ་ཀུན་གྱིས་ཉེན་ཟོན་བྱས་ཏེ། རབ་ན་གཏན་ནས་མི་ཟ་བ་དང་། དེ་མ་ཡོང་རུང་ཉུང་ཟ་བྱེད་པ་གལ་ཆེན་རེད། འདི་དག་གི་སྐོར་ལ་གད་སྙིགས་ཀྱི་ཟ་མ་ཟེར་བ་རེད་ལ། གད་སྙིགས་ཡིན་པ་མ་ཟད་དེའི་ནང་དུ་དུག་གི་རྫས་ཡང་མང་པོ་འདུག དེས་ན་དེ་འདྲའི་དུག་རྫས་སོགས་གང་ཡང་མེད་པའི་བོད་གངས་ཅན་གྱི་ཟ་མ་དེ་ཟོས་ན་ཡག་པོ་འདུག གཞན་པའི་ཟ་མ་ལ་མཚོན་ན། ཟ་བའི་སྐབས་སུ་ལྕེ་ཡི་ཐོག་ན་དྲོ་བ་ཞིམ་པོ་འདྲ་བོ་ཡོད་ན་ཡང་ནང་ལ་བཅུད་མེད་པ་དང་དེ་ཙམ་མ་ཟད་ལུས་ལ་གནོད་པ་ཅན་དེ་འདྲ་མང་པོ་ཡོད་པས། དེ་འདྲའི་གད་སྙིགས་ཀྱི་ཟ་མས་ལོ་གསར་སྐབས་སུ་སྡེར་ཁ་མང་པོ་བསྒྲིག་པ་འདྲ་དང་། ཁྱད་པར་དུ་བྱིས་པ་ཚོར་མང་པོ་འཐུང་འཇུག་པ་དང་ཟ་འཇུག་པ་སོགས་ལ་ལོ་གསར་གྱི་སྐབས་དང་ནམ་རྒྱུན་ལའང་གཟབ་གཟབ་བྱེད་དགོས་འདུག དེ་ཐུགས་ལ་འཇོག་རོགས་ཞུ།

དོན་དག་གསུམ་པ།
     ད་ལོ་དམིགས་བསལ་དུ་ཞུ་དགོས་པ་ཞིག་ལ། འཛམ་བུ་གླིང་གི་ནད་ཡམས་ཆེན་པོ་འདི་ད་དུང་མཇུག་ཡོངས་སུ་རྫོགས་མེད་པ་མ་ཟད་ད་དུང་ས་ཆ་ཁ་ཤས་ལ་ཚབས་ཆེན་པོ་དེ་འདྲ་འདུག དེ་ན་ལོ་གསར་གྱི་སྐབས་འདི་དག་ལ་ཡར་འགྲོ་མར་འགྲོ་མང་པོ་བྱས་ན། ནད་ཡམས་སྔོན་འགོག་གི་ཐབས་ཤེས་འདི་དག་ལ་སོ་སོས་མུ་མཐུད་ནས་གཟབ་གཟབ་བྱེད་དགོས་ཀྱི་འདུག དཔེར་ན། མི་མང་པོ་ཡོད་སར་འགྲོ་ན་ཁ་ཤུབས་ཡག་པོ་གྱོན་པ་དང་། དེ་ཡང་ཚད་ལྡན་གྱོན་ཚུལ་སོགས་ལེགས་པོ་བྱེད་པ་དང་། གཉིས་ནས་རང་གི་ཁྱིམ་ལ་ཐོན་མ་ཐག་ཏུ་ངེས་པར་དུ་ལག་པ་བཀྲུ་རྒྱུ་དང་། དེ་ཡང་གསོ་རིག་ནང་གི་སྨན་པ་ཚོས་བཤད་པ་བཞིན་དུ་ཆ་ཚང་ལག་ལེན་བྱས་ཏེ་ལག་པ་ཡག་པོ་བཀྲུ་རྒྱུ་དང་། གསུམ་ནས་སོ་སོའི་ཁང་པའི་ནང་དང་ཕྱི་ནས་ཡོང་བའི་ཅ་དགོས་འདྲ་མིན་སོགས་ལ་དུག་སེལ་ཡག་པོ་བྱེད་དགོས་ཀྱི་འདུག དེ་དག་གི་སྐོར་ནས་གཟབ་གཟབ་བྱས་ན་སྐྱོན་གྱི་མི་འདུག་པས། དེས་ན་དེ་དག་ཐུགས་ལ་ཡག་པོ་ཞིག་འཇོག་པར་ཞུ། མཇུག་མཐར་གནམ་ལོ་གསར་པ་འདི་ཡི་ནང་དུ་རྣམ་པ་ཐམས་ཅད་བདེ་མོ་སྐྱིད་པོ་ཡོང་བ་དང་། ཀུན་གྱིས་བསམ་པའི་དོན་འགྲུབ་ཅིང་ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཡར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུག་ཞུ་གི་ཡིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    ཞེས་པ་འདི་ཡང་ལྕགས་མོ་གླང་གི་ལོའི་ལོ་གསར་ལ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གནང་བའི་བཀའ་སློབ་འདི་ཉིད་གལ་ཆེ་བ་དང་།འགའ་ཞིག་གིས་གསུང་སྐད་ཇི་བཞིན་མི་གོ་བར་འདུག་པས། དེ་དག་ལ་ཕན་ངེས་སུ་མཐོང་ནས་ཡུལ་ཤུལ་བདེ་རྣམ་དུ་འབོད་པས་ཡིག་འབེབས་སུ་བགྱིས་པའི་དགེ་བས། འགྲོ་བ་ཀུན་གྱིས་ཕྱིན་ཅི་མ་ལོག་པའི་ལམ་བཟང་རྙེད་པའི་རྒྱུ་རུ་བསྔོ། དགེའོ།། ༢༠༢༠།༠༢།༡༡ ཉིན།


_______________
ཡོང་ཁུངས།: ཀརྨ་རོང་ངོ་དེབ་ངོ་ཤོག
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།