རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 11 February 2021

༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་དང་པོ་བཞུགས་སོ།།

ཀུན་མཁྱེན་དོལ་པོ་སངས་རྒྱས།


ཨོཾ་བྷུར་བྷུ་ཝཿ སྭཱཧཱ། 
ན་མོ་དེ་བེ་བྷྱཿ སྭ་སྟི་པྲ་ཛྙཱ་བྷྱཿ སྭཱ་ཧཱ་ར་ཛཱ་བྷྱཿ  
སྭ་དྷཱ་པི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ།

གང་ཞིག་སྐྱོན་རྣམས་ཀུན་གྱིས་སྟོང་པའི་གཞི།།
མཐར་ཐུག་ཡོན་ཏན་ཀུན་གྱིས་ཡོངས་གང་བ།།
བདེ་གཤེགས་སྙིང་པོ་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

གནས་སྐབས་རིགས་བཞིའི་རྟོག་པས་སྟོང་པའི་གཞི།།
སྐུ་བཞིའི་ཡོན་ཏན་ཀུན་གྱིས་ཡོངས་གང་བ།།
རྡོ་རྗེ་རྣམ་བཞིའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཉོན་མོངས་དུག་ལྔའི་སྐྱོན་གྱིས་སྟོང་པའི་གཞི།།
རྣམ་དག་ཕུང་པོའི་ཡོན་ཏན་ཡོངས་རྫོགས་པ།།
ཡེ་ཤེས་ལྔ་ཡི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱོད་ལ་འཇུག་གྱུར་ཅིག།

འཁོར་བའི་སྡུག་བསྔལ་ཀུན་གྱིས་སྟོང་པའི་གཞི།།
མྱང་འདས་ཆེན་པོའི་ཡོན་ཏན་ཡོངས་རྫོགས་པ།།
དུས་ཀྱི་འཁོར་ལོའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

བདུད་དང་ཉོན་མོངས་ཀུན་གྱིས་སྟོང་པའི་གཞི།།
རྒྱལ་བའི་ཡོན་ཏན་ཀུན་གྱིས་ལེགས་གང་བ།།
དགྱེས་པ་རྡོ་རྗེའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

སྒྲོ་བཏགས་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི།།
རང་བཞིན་འོད་གསལ་ཡོན་ཏན་ཡོངས་གང་བ།།
འཁོར་ལོ་སྡོམ་པའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

གློ་བུར་འཁྲུལ་སྣང་ཀུན་གྱིས་སྟོང་པའི་གཞི།།
གཉུག་མ་ལྷན་སྐྱེས་ཡོན་ཏན་ཡོངས་རྫོགས་པ།།
གསང་བ་འདུས་པའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཟག་བཅས་བདེ་སྡུག་ཀུན་གྱིས་སྟོང་པའི་གཞི།།
ཟག་མེད་བདེ་ཆེན་ཡོན་ཏན་ཡོངས་རྫོགས་པ།།
སྒྱུ་འཕྲུལ་དྲྭ་བའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

སེམས་དང་སེམས་བྱུང་ཀུན་གྱིས་སྟོང་པའི་གཞི།།
རབ་བྱུང་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པ།།
རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཀུན་གཞི་རྣམ་པར་ཤེས་པས་སྟོང་པའི་གཞི།།
ཀུན་གཞིའི་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པ།།
མ་ཧཱ་མ་ཡའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཀུན་རྫོབ་མེད་པའི་ཆོས་ཀྱིས་སྟོང་པའི་གཞི།།
དོན་དམ་ཡོད་པའི་ཡོན་ཏན་ཡོངས་རྫོགས་པ།།
རྡོ་རྗེ་གདན་བཞིའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཀུན་བཏགས་གཞན་དབང་ཆོས་ཀྱིས་སྟོང་པའི་གཞི།།
ཡོངས་གྲུབ་ཆོས་ཉིད་ཡོན་ཏན་ཡོངས་རྫོགས་པ།།
སངས་རྒྱས་ཐོད་པའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

ཕྱི་ནང་གློ་བུར་དྲི་མས་སྟོང་པའི་གཞི།།
གཞན་མཆོག་སྙིང་པོ་ཡོན་ཏན་ཡོངས་རྫོགས་པ།།
རྡོ་རྗེ་བདུད་རྩིའི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

སྤང་བྱ་ཉེས་པ་ཀུན་གྱིས་སྟོང་པའི་གཞི།། 
འཐོབ་བྱ་ཡོན་ཏན་ཀུན་གྱིས་ཡོངས་གང་བ།།
རྒྱལ་བ་ཀུན་གྱི་བཀྲ་ཤིས་རྒྱ་མཚོ་ཡི།།
བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག།

དེ་ལྟར་མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱི།།
སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་མཆོག།
མཁའ་ཁྱབ་ལྷུན་གྲུབ་བསམ་མི་ཁྱབ་པའི་མཐུས།།
ཤིས་བརྗོད་འདི་དག་དོན་བཞིན་འགྲུབ་གྱུར་ཅིག།

ཅེས་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་སོ།།

___________________________________
 ❀ཚན་པ་འཕྲོ་རྣམས་གཤམ་འདིར་སྣུན་ཏེ་གཟིགས།❀


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།