བླ་མ་ཤཱཀྱ་རིན་པོ་ཆེ།
༄༅། །སྤྱི་ལོ་ ༢༠༢༡ ལོ་གསར་འདི་ལ་འཛམ་གླིང་རིལ་བོའི་མི་གྲངས་དུང་ཕྱུར་བདུན་ཅུ་དོན་བདུན་ལྷག་ཙམ་ཡོད་པ་ཀུན་ལ་ཞི་བདེའི་ཆེད་དུ་སྨོན་དམིགས་བཀྲ་ཤིས་བདེ་ལེགས་ཞུ་བ་ནི།
ཀ༽
བཀྲ་ཤིས་ཀུན་གྱི་འབྱུང་གནས་སངས་རྒྱས་རྣམ་ཐར་ལས།།
དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ།།
མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་།།
འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀ་ལྟར་གཤེགས་པ།།
ཁ༽
རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པར་ཟས་གཙང་སྲས།།
བུད་མེད་མཆོག་གྱུར་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ།།
ལྷུམས་སུ་ཟླ་བཅུར་བཞུགས་ནས་འབྱོར་ལྡན་ཤཱཀྱའི་རིགས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ག༽
ལུམྦིའི་ཚལ་རབ་ཉམས་དགར་བླཀྴའི་ལྗོན་པ་ཡི།།
ཡལ་ག་ནས་བཟུང་བལྟམས་ཚེ་ཚངས་དང་དབང་པོས་བཏུད།།
མཁའ་ལ་གཤེགས་ཏེ་ཕྱུར་པོར་པདྨ་བྱུང་གྱུར་གང་།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ང༽
ཕོ་བྲང་གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ན།།
མཚན་བལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་འགྱུར་ཞེས།།
ཤཱཀ་རིགས་བུད་མེད་འཁོར་གྱིས་བསྐོར་ཞིང་རབ་ཏུ་བརྒྱན།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཅ༽
གཞོན་ནུ་སྟོབས་ལྡན་རྒྱུ་རྩལ་ཡིག་འཕོངས་ཕུལ་དུ་ཕྱིན།།
ཀུན་ལས་མཆོག་རྒྱུར་ལྷ་མིའི་འགྲན་ཟླ་རྣམས་ལས་རྒྱལ།།
ཤཱཀ་རིགས་འཇིག་རྟེན་གསལ་ཕྱིར་བཙུན་མོའི་འཁོར་ལ་རོལ།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཆ༽
ཕོ་བྲང་ནས་བྱུང་ཕྱོགས་བཞིར་སྐྱེ་རྒ་ན་འཆི་གཟིགས།།
མི་རྣམས་རྨོངས་མཛད་ལྷ་ཡིས་བཏེག་སྟེ་མཁའ་ལ་གཤེགས།།
སྲིད་གསུམ་དག་ལས་རྒྱལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཇ༽
ལྷ་ཡི་རྗུ་འཕྲུལ་གྱིས་བླངས་ན་བཟའ་ངུར་སྨིག་ཕུལ།།
ནཻ་རཉྫ་ནར་ཐུབ་པའི་དཀའ་ཐུབ་ལོ་དྲུག་རྫོགས།།
བསམ་གཏན་ལས་བཞེངས་ལེགས་སྐྱེས་མས་ཕུལ་འོ་ཐུག་བཞེས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཉ༽
པདྨ་ལ་སོགས་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ།།
སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས།།
ཐོ་རེངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས་པ་བརྙེས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཏ༽
ཝཱ་རཱ་ཎ་སཱིར་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར།།
ཀུན་ཤེས་ལ་སོགས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན།།
ལྷ་དང་མི་དང་ལྷ་མིན་རྣམས་ཀྱང་འདུས་གྱུར་པ།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཐ༽
ང་རྒྱལ་དྲེགས་པའི་མུ་སྟེགས་སྟོན་པ་དྲུག་བཏུལ་ནས།།
གླང་ཆེན་རབ་མྱོས་རྦད་པའི་མ་རུངས་ལྷ་བྱིན་བཏུལ།།
དྲང་སྲོང་མཆོག་དང་སྤྲེལ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
མ༽
པདྨ་ལྟ་བུར་སྐྱོན་གྱིས་མ་གོས་ཤཱཀྱའི་རིགས།།
ཟས་གཙང་སྲས་པོ་རྒྱལ་རིགས་མཆོག་གྱུར་འཁོར་ལོས་སྒྱུར།།
ལྟམས་པ་ནས་བཟུང་དེ་ཡིས་མཛད་པ་མ་ལུས་རྫོགས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ན༽
བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་རབ་ཏུ་བསྒྲལ།།
སེམས་ཅན་ཐམས་ཅད་སྨིན་གྲོལ་ཞི་བའི་ལམ་ལ་བཀོད།།
རྩྭ་མཆོག་གྲོང་དུ་མཛད་པ་མཐར་ཕྱིན་དགོངས་པ་རྫོགས།།
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཅེས་པ་འདི་དོན་ལའང་བརྗོད་བྱ་ཤིས་ཀྱི་གཙོ་བོ། རྫོགས་སངས་རྒྱས་ལས་ལྷག་པ་ཞིག་དུས་གསུམ་ཀུན་ཏུ་འབྱུང་བར་མི་སྲིད་པའི་རྒྱུ་མཚན་དུ་བྱས་ནས། བཀྲ་ཤིས་པའི་ཚིག་ཏུ་བརྗོད་པ་པོ་ནི། དོལ་པོ་བ་ཤཱཀྱ་རྒྱལ་མཚན་དུ་འབོད་པ་ནས། གནམ་ལོ་གསར་བཞད་ལ་བདེ་ལེགས་ཞུ་ཚིག་བཀྲ་ཤིས་པའི་མེ་ཏོག་ཀུན་ནས་ཀུན་ཏུ་གླིང་ཆེན་འདིར་རང་བཞིན་གྱིས་འཐོར་བའོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།