བློ་བཟང་དོན་གྲུབ། སེ་ར་བྱེས།
མཛེས་མ་ཨ་ལན་ཏེ།
ཁྱེད་ནི་མཐོ་སྒང་གི་ཕོ་བརྒྱ་སེམས་པ་འཆོར་ས་དང་།
མོ་བརྒྱ་སྙིང་རླུང་ལྡང་ས་ཤིག་ཡིན།
ཁྱེད་ཀྱི་མཛེས་སྡུག་ལ་སུ་ཞིག་གིས་ཀྱང་འགྲན་པར་དཀའ་བའི་འོད་སྣང་ཞིག་འཆར་ལ།
ཁྱེད་ཀྱི་གསུང་སྐད་ལའང་སུས་ཀྱང་སྒྲོག་པར་དཀའ་བའི་གསང་གདངས་ཞིག་གདའ།
འོན་ཀྱང་གནས་སྐབས་འདིར་རྟག་བརྟན་མེད་པར་ཀུན་ཀྱིས་ཤེས་ལ།
དེས་ན།
འཁོར་བའི་ཨར་ཁང་ཆེན་པོ་འདི་ནང་དུ། །
ལན་གཅིག་ཆང་འཐུང་བྱ་བ་ལ་སྤྱད་དེ། །
སྐྱིད་སྣང་བདེ་བའི་ར་བཟི་འདི་སྐྱིད་མོད། །
དྭངས་པའི་འབྲས་བུ་སང་ཞོགས་འདི་སྡུག་ཨང་། །
མཚར་ལ་སྡུག་པའི་ཁྱེད་ཀྱི་བྱད་བཞིན་དེར།
སུ་ཤིག་གིས་ཀྱང་མཐོང་བའི་མོད་ལ་དགའ་བ་བསྐྱེད་ཅིང་།
ཁྱེད་ཀྱི་དྭངས་གཙང་གི་ཞལ་ཁྱིམ་དེ།
ལེགས་བྲིས་མ་ཡི་བཞིན་བཟང་རྗེན་པ་དེ་རེད།
ཁྱེད་ཀྱི་སྙན་འཇེབས་ཀྱི་གཞས་ཐུང་རེ་རེ་རྣ་བའི་དབང་པོར་ལྷུང་ཚེ།
རེ་ཞིག་ཧད་ཀྱིས་སྨྲ་བསམ་བརྗོད་མེད་དུ་འདས་ཀྱང་།
དེ་ནི་སྒྱུ་མའི་ཆོ་འཕྲུལ་གསོན་པོ་ཞིག་ཡིན་ལ།
དེའང་མྱུར་མོར་འཇིག་པའི་རྒྱུ་ཚོགས་དུ་མ་ཞིག་གིས་འདུས་ཡོད།
དེའི་ཕྱིར།
ལང་ཚོའི་མེ་ཏོག་དབྱར་སྐྱེས་ཀྱི་པད་མ། །
སྙན་འཇེབས་དྭངས་མ་མི་མཐུན་པའི་རྒྱུད་མངས། །
བཞིན་བཟང་མཛེས་པོ་བརྟན་མེད་ཀྱི་འཇའ་མཚོན། །
གང་ལའང་བལྟས་ཚེ་སྙིང་པོ་འདི་མེད་དོ། །
འོན་ཀྱང་ཁྱེད་ནི་ངས་ཆེས་དགའ་བའི་གཞས་མ་ཞིག་ཡིན་ལ།
ཁྱེད་ཀྱི་གཞས་རེ་རེར་ངས་མཉན་པ་གྲངས་ཀྱིས་མི་ལོང་།
ཁྱེད་ནི་དེང་དུས་ཀྱི་གཞས་མ་མཛེས་ཤིང་སྡུག་ལ།
ལང་ཚོའི་དར་བབས་ངོ་མ་ཞིག་རེད་འདུག
ཁྱེད་ནི་མ་འོངས་པར་ཆེས་སྙན་གྲགས་ཅན་ཞིག་ཏུ་གྱུར་བའི་ངའི་རེ་བ་དང་སྨོན་པ་ཡོད་དོ།།
དེ་བས་ན།
གྲགས་པ་རྔ་སྒྲ་བཞིན་ས་གསུམ་ཁྱབ་བཞིན། །
སྐད་སྙན་འཕང་འགྲོ་བཞིན་ཀུན་གྱིས་མོས་ལ། །
མཛེས་སྡུག་ལྷ་མོ་བཞིན་ཁམས་གསུམ་ལྷགས་པའི། །
འབྲས་བུ་གཡུར་ཟ་ཞིག་འཐོབ་པར་སྨོན་ནོ། །
______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-མཛེས་མ་ཨ་ལན་ཟླ་གྲོལ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།