རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 4 June 2021

ཁྲོཾ་ཉག་ཚེ་རིང་གི་སྙན་ངག་ཆེད་བསྒྲིགས།


༡. ང་སྙན་ངག་ལྷ་མོ་ལ་དགའ། 



འཇིག་རྟེན་དགའ་བའི་གང་ཟག་ལ། ། 
འདོད་པའི་བདེ་བ་བླ་མེད་སྟེར། ། 
ཁྱོད་ཀྱིས་གནང་བའི་བདེ་སྐྱིད་དེ། ། 
ནམ་མཁའི་ཁམས་སུ་བཤམས་པར་དཀའ། ། 

སྙན་ངག་ལྷ་མོ་དྲན་པའི་ཚེ། ། 
མིག་ཆུ་རང་དབང་མེད་པ་ཤོར། ། 
ཁྱོད་ལ་དགའ་བའི་བརྩེ་བ་ནི། ། 
ནམ་ཡང་འགྱུར་བ་མེད་པ་ཡིན། ། 

མི་ཡི་སྤྱི་ཚོགས་ནང་རོལ་དུ། ། 
བརྩེ་དུང་བར་ཆད་གཏོང་མཁན་མང་། ། 
ང་དང་སྙན་ངག་ལྷ་མོའི་བར། ། 
སོ་སོར་མི་འབྲལ་དམ་བཅའ་བཞག ། 

མི་ལུས་རིན་ཆེན་རྙེད་པའི་ཚེ། ། 
རང་ཉིད་དགའ་སའི་བུ་མོ་ལ། ། 
བརྩེ་བ་ལྷད་མེད་མེད་གྱུར་ན། ། 
མི་ལུས་ཐོབ་ཀྱང་སྙིང་པོ་མེད། ། 

སྙན་ངག་ལྷ་མོ་ཁྱོད་ལ་དགའ། ། 
སྙན་ངག་ལྷ་མོ་ཁྱོད་རང་དྲན། ། 
ཁྲོཾ་ཉག་སེམས་ཀྱི་ནང་རོལ་དུ། ། 
ཁྱོད་རང་གཅིག་པུ་ཁོ་ན་འོ། ། 

༢༠༢༡/༠༤/༡༢ ཉིན་བྲིས།


༢. ང་ཁྱོད་ལ་ཧ་ཅང་དགའ། 



ཞལ་རས་དཀར་རུང་ཞལ་རས་ནག་ཀྱང་ཆོག ། 
ཕ་ཡུལ་ས་ཆ་གང་དུ་ཡིན་ཡང་ཆོག ། 
དབུལ་ཕྱུག་གང་དུ་ཡིན་ཡང་དེ་བས་ཆོག ། 
ཁྱེད་ལ་དགའ་བའི་བརྩེ་དུང་རྫུན་མ་མིན། ། 

ཕ་མ་སྤུན་མཆེད་དགྲ་རུ་ལངས་ཡང་སྲིད། ། 
གྲོགས་པོ་བློ་མཐུན་ཐུགས་སེམས་སྐྱོ་ཡང་སྲིད། ། 
ང་རང་མི་ཚེ་དཀའ་ཁག་འཕྲད་ཡང་སྲིད། ། 
ཁྱོད་དང་ནམ་ཡང་མི་འབྲལ་དམ་བཅའ་ཡིན། ། 

རང་སྲོག་བློས་གཏོང་དགོས་ཀྱང་ང་མི་འགྱོད། ། 
མི་ཚེ་ཁྱོད་དང་འགྲོགས་ན་ང་མི་འགྱོད། ། 
རྒྱུ་ནོར་སྙན་གྲགས་མེད་ན་ང་མི་འགྱོད། ། 
ཁྱོད་རང་མ་གཏོགས་ང་ལ་གཞན་མི་དགོས། ། 

༢༠༢༡/༠༥/༢༡ ཉིན་ངའི་ཚེ་སྲོག་སྙན་ངག་ལྷ་མོ་དྲན་པའི་མིག་ཆུ་ས་རུ་ལྷུང་ཞོར་དུ་བྲིས།


༣. བརྩེ་དུང་གི་རོལ་དབྱངས། 



སྤྲིན་དམར་སེར་མཛེས་སྡུག་ལང་ཚོ་ཅན། ། 
སའི་གོ་ལ་སྟེང་དུ་ཞོ་བཞིན་ཆགས། ། 
ངས་བརྩེ་དུང་རོལ་དབྱངས་མངར་མོ་བཀྲོལ། ། 
རྨད་བུ་མོའི་འདོད་པའི་བདེ་སྐྱིད་སྟེར། ། 

གནམ་ས་སྟེང་འོད་མདངས་རང་འབར་ཅན། ། 
ཐུགས་འོད་སྣང་བག་ཡོད་ཚུལ་དུ་གནས། ། 
ངའི་འདོད་སྟེར་བུ་མོ་ལུས་ཕྲ་མས། ། 
སེམས་ལྷོད་དུ་བབས་བཞིན་རོལ་དབྱངས་ཉན། ། 

ས་སྐྱིད་པོ་གུ་ཡངས་རང་དབང་ཅན། ། 
གནས་འདི་ནི་བརྩེ་དུང་རྒྱ་མཚོའི་ཡུལ། ། 
ངའི་ཚེ་སྲོག་སྙན་ངག་ལྷ་མོ་དང་། ། 
དུས་ནམ་ཡང་མི་བྲལ་དམ་བཅའ་ཡིན། ། 

༢༠༢༡/༠༥/༡༥ ཉིན་བྲིས།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།