གངས་སེང་དཀར་མོ།
སྤོབས་པའི་གཏེར་བརྒྱད་གྲོལ་མཛད་ངག་ལ་དབང་མཁན།།
ལྟ་སྤྱོད་གདེང་ལྡན་ཉམས་རྟོགས་ཁོང་ནས་འབར་མཁན།།
བསྟན་པའི་རྒྱལ་མཚན་ཆེན་པོ་སྲིད་འདིར་འདེགས་མཁན།།
འཇམ་དབྱངས་སྨྲ་བའི་ཉི་མར་ལན་བརྒྱར་མཇལ་མཁན།།
དཀར་ཕྱོགས་སྐྱོང་བའི་ལྷ་ཡང་གཉེན་དུ་འགུགས་མཁན།།
གེ་སར་རྒྱལ་པོའི་བསྟོད་གླུ་ཆར་བཞིན་འབེབས་མཁན།།
འགགས་མེད་གསུང་ལ་དབྱངས་ཀྱི་འོད་ཟེེར་སྤྲོ་མཁན།།
ཐུན་མིན་གྲུབ་མཐའི་གནས་ལ་གཏིང་ཐག་ཆོད་མཁན།།
མཐར་ཐུག་ལྟ་བའི་གལ་མདོ་གཅིག་ཏུ་འཁྱེར་མཁན།།
གཞུང་བརྒྱ་གནད་དུ་དྲིལ་ནས་མན་ངག་འཇོག་མཁན།།
ས་གསུམ་བླ་མར་འཕགས་པའི་གོ་འཕང་སྙེག་མཁན།།
བླ་མ་དགྱེས་པའི་ཞལ་དུ་བདུད་རྩིས་མཆོད་མཁན།།
དབྱངས་ཅན་ལྷ་མོའི་བརྩེ་བ་རྒྱ་མཚོར་བསྐྱིལ་མཁན།།
བརྒལ་བརྟག་རིགས་པའི་མེ་དཔུང་འོད་ལ་སྲེ་མཁན།།
མུན་པ་དོང་ནས་སྤྲུགས་ཏེ་འཁོར་བ་གཤག་མཁན།།
སྒྲུབ་པའི་རྒྱལ་མཚན་བཟུང་ནས་རི་ལ་བཞུགས་མཁན།།
རྫས་སྔགས་ཏིང་འཛིན་བྱེ་བའི་སྲོག་མཁར་རྙེད་མཁན།།
གནོད་སྦྱིན་གཡུལ་ལས་རྒྱལ་བའི་རུ་མཚོན་འཕྱར་མཁན།།
སྙན་པའི་བ་དན་དཀར་པོས་ས་གསུམ་འགེབས་མཁན།།
སམ་བོད་སྐད་གཉིས་སྨྲ་བའི་ལེགས་བཤད་སྡེབས་མཁན།།
དབུ་ཚད་སེང་གེའི་མཇིང་བསྣོར་རིགས་པས་འགྲོལ་མཁན།།
བཀའ་གཏེར་དག་སྣང་བརྒྱུད་པའི་ཕ་ཕོག་བརྙེས་མཁན།།
མི་འཇིགས་སེང་གེའི་སྒྲ་ཆེན་ཕྱོགས་བརྒྱར་སྒྲོག་མཁན།།
ཕྱོགས་མེད་མཁས་པ་སྟོང་གི་ཞབས་པད་བསྙེན་མཁན།།
བརྒྱུད་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་བཅུད་ལོན་མཁན།།
རང་སེམས་ལྷ་སྐུར་སྨིན་པའི་དངོས་གྲུབ་སྩོལ་མཁན།།
རྗེས་ཆགས་སྒྱུ་མའི་ཐུགས་རྗེར་འཛད་པ་མེད་མཁན།།
༢༠༢༡/༠༦/༠༩
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-«གཏན་པ་མེད་པའི་ཕྲིན་ལས་ཅན།»
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།