ཁྱུང་ནོར། བོད་ཡུལ་ཁམས་ཕྱོགས་ཁྱུང་ནག་སྡེ་བ།
ཆོས་འཁོར་ཞེས་པ་དོན་དུ་འཕྲུལ་འཁོར་རོ།།
འདི་ཡང་ལུང་རིགས་ཉི་ཟླའི་བོན་འཁོར་ཏེ།།
ཉི་མའི་ཁོང་ནས་འོད་ཟེར་འབར་བ་འདིར།།
འདི་ནི་གནམ་ལ་དགའ་བའི་གྱད་ཆེན་ཏེ།།
འདི་ནི་དཔའ་བོ་འབྲུ་ལྔའི་རྣམ་སྤྲུལ་ཏེ།།
འདི་ལ་གཡུ་འོད་འབར་ཞིང་གསེར་འོད་འཕྲོ།།
ལོ་རྒྱུས་གབ་སྦས་ཡོད་ཚད་འདི་ཡིས་གསལ།།
འདི་ཡང་སྨན་རི་ཚང་གི་ཁྱུང་ཆེན་ཏེ།།
འདི་ཡང་ལྟ་བ་སྤྱི་རྒྱ་རླབས་གཅོད་དེ།།
བྱ་མ་བྱི་ཚོས་འདི་ཚོར་མ་གཤིབ་ཨང་།།
དྲན་འཕྲུལ་རྒོད་པོའི་རང་མཚང་སྟོན་བྱེད་ཙམ།།
ཁ་སྔ་ལག་མགྱོགས་ཁོ་ནར་གོམས་པ་ཚོས།།
ལེ་ཧྲན་ཇག་པ་འདི་ཡི་མཚོན་བྱེད་བཀོད།།
འདི་ལ་སྙིང་རྗེ་འཁྱིལ་ཞིང་ཤེས་རབ་རྒྱས།།
རག་བཟི་འཁྱོར་ཉོག་ཅན་དང་ཡེ་མི་མཚུངས།།
ཕོ་རྒོད་ཀྲི་ཧྲེང་འདི་ཡིས་ཅུང་དམན་ཏེ།།
འབུམ་རམས་པ་ཡི་ཕྱག་རྟགས་ཐོས་མྱོང་མེད།།
ལྷག་ཏུ་ཤར་ནུབ་རིག་གཞུང་ག་ལ་སྟེ།།
འདི་ནི་མི་ཆོས་བྱང་ཞིང་ལྷ་ཆོས་ཆུབ།།
ངོ་སྟོད་ཁྲོ་འཛུམ་ཤིག་ཤིག་རྔམ་ཟིལ་རྒྱས།།
ངོ་སྨད་ཞི་འཛུམ་ཁྱུག་ཁྱུག་གཟི་བརྗིད་ལྡན།།
ཨག་ཚོམ་སྨིན་མ་མེ་ལྟར་འབར་བ་ཡི།།
འདི་ནི་ཁྲོ་བོ་རྣམ་པར་འཇོམས་པ་ཡིན།།
ཧི་མ་ལ་ཡའི་ཞོལ་གྱི་འབྲོང་རྒོད་འདིས།།
ནུབ་གླིང་གྲོང་དུ་བོན་སྒྲ་སྒྲོག་ཐེངས་རེར།།
མགོ་སེར་དད་པའི་སེམས་གཡོས་སྐྱི་ཤ་འདར།།
འདི་ཡི་མཁྱེན་དཔྱོད་འབྱུང་བ་རྣམ་ལྔའི་སྤུན།།
གཟུགས་བྱད་ཀུན་ལས་བརྗིད་པའི་སྐུ་ལ་བསྟོད།།
གཏམ་གླེང་སྒྲ་དག་སྒྲོས་གཙང་གསུང་ལ་བསྟོད།།
ཤེས་ཡོན་བླ་ན་མཐོ་བའི་ཐུགས་ལ་བསྟོད།།
ལྷག་ཏུ་བཤེས་གཉེན་ཁྱེད་ཀྱི་རྒྱ་ལ་བསྟོད།།
གསང་འདུས་གཤེན་གྱི་དགོངས་བཅུད་ཐིམ་པ་ཡི།།
སྨན་རབས་སོ་གསུམ་བྱིན་ཆེན་ཞུགས་པ་ཡི།།
འདི་ནི་དབྱིངས་ཉིད་སྟོང་པའི་ཁྲི་གདུགས་ཏེ།།
བཅས་བཅོས་འབར་བའི་རྣལ་འབྱོར་བདག་འདུད་དོ།།
༢༠༢༡/༦/༡༠/ ཉིན་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-འབྲོང་གི་སྙིང་རྩིད་ཡིན་པའི་རྒྱ་ལ་ལྟོས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།