རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 9 June 2021

འཇམ་དབྱངས་བླ་མའི་དགོངས་རྫོགས་དུས་ཆེན།

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། སྔ་འགྱུར་མཐོ་སློབ་ཆེན་མོ།


དྷཱི།
ཞལ་གྱི་དཀྱིལ་འཁོར་བཅོ་ལྔའི་ཟླ་བ་ཆ་ཤས་མ་ལུས་རྫོགས་པའི་དཔལ།།
དགྱེས་པའི་ཞལ་འཛུམ་བསིལ་ཟེར་བདེ་ཡིས་ཉམ་ཐག་འགྲོ་ལ་ངལ་གསོ་སྦྱིན།།
འགྲིབ་པ་མེད་པར་ཀུན་ནས་ཀུན་ཏུ་རྣམ་པར་འཕེལ་ཞིང་དབྱིག་གི་ནོར།།
འཇམ་མགོན་བླ་མ་མི་ཕམ་པ་དེ་སྟོང་གསུམ་འཇིག་རྟེན་ཡོངས་ལས་རྒྱལ།།

གང་གི་ལེགས་བཤད་ཆུ་ཀླུང་འཁྱིལ་བའི་མཐའ་མེད་རྒྱ་མཚོའི་ངོགས་འགྲམ་ན།།
སྐལ་ལྡན་སྐྱེ་བོ་དགའ་སྐྱིད་དཔལ་ལ་རྟག་ཏུ་རོལ་བ་དག་པའི་ཞིང་།།
མན་ངག་རླབས་ཕྲེང་གཡོ་ཐེངས་རེ་རེར་རང་སེམས་རང་གི་མཐོང་ལ་སྤྲོ།།
ལུས་ངག་ཡིད་ཀྱི་དྲི་མའི་ཚོགས་ཀུན་གཏན་དུ་གནས་ལ་སྐབས་མ་རྙེད།།

རྒྱལ་བསྟན་དར་རྒུད་སྤེལ་མའི་ཕྲེང་བ་སྔ་ནས་ད་བར་ཡོད་ན་ཡང་།།
པདྨའི་རིང་ལུགས་ཤིན་ཏུ་རྒུད་པའི་སྙིགས་མའི་དུས་ཀྱི་སྟོང་ཆ་བཀང་།།
གོང་ནས་གོང་དུ་དར་ཞིང་སྤེལ་ནས་སྔ་འགྱུར་བསྟན་པའི་རྒྱལ་རྔ་བརྡུངས།།
མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་འཕགས་ཡུལ་ཤིང་རྟའི་བརྒྱུད་པ་བཟུང་།།

ཁྱེད་ཀྱི་ལེགས་བཤད་ཆུང་ངུ་རེའང་རིན་ཆེན་ནོར་བུའི་གཏེར་དང་མཚུངས།།
ཞལ་གྱི་གདམས་པ་ཚན་པ་རེས་ཀྱང་དད་ལྡན་སྐྱེས་བུའི་བློ་ཁ་ཕྱེ།།
རིག་པའི་གནས་ཀུན་འོབས་སུ་ཆུད་པ་ཁྱེད་གསུང་རྒྱ་མཚོ་ཕྱོགས་ཀུན་འཁྱིལ།།
དམན་པ་བདག་ཀྱང་རྒྱ་མཚོའི་ངོགས་དེར་བྱིན་རླབས་ཆ་ཤས་ལེན་རྒྱུར་སྤྲོ།།

དེང་དུས་མི་རྣམས་བྲེལ་ཚུབ་ཆེ་བས་ཁྱེད་གསུང་མཇལ་ལ་ཁོམ་དུས་མེད།།
ལག་ཐོགས་ཁ་པར་བག་མར་བསུས་ནས་དེ་དང་མི་ཚེ་སྐྱེལ་ནས་རྫོགས།།
རྣམ་གཡེང་ལེ་ལོ་ཆར་དུ་ཉིལ་ནས་བརྩོན་འགྲུས་སྡོང་བུ་རྩ་ནས་བཅད།།
ཡལ་ཡོལ་འདི་ཀོ་ནོར་བ་མ་རེད་བསོད་ནམས་རི་མོ་ཟད་པའི་རྐྱེན།།

རྒན་པ་རྣམས་ནི་རང་ཉིད་ཚེ་འདི་དོན་ཡོད་འགྱུར་ན་དེ་གས་ཆོག།
གཞོན་པ་རྣམས་ནི་ཁ་སྟངས་མཐོ་ཞིང་བྱམས་པས་བསྐྱངས་ཀྱང་ཧ་མི་གོ།
འགན་ཁྲི་མེད་པའི་རྫོབ་ཀྱི་དུས་འདིར་རྫོབ་ཀྱི་རིང་ལུགས་འཛིན་པ་འདི།།
གཏན་དུ་སྤངས་ནས་བཞི་མདོ་གསུམ་མདོའི་ལམ་སྲང་ཉུལ་ནས་འཆི་བར་ཤོག།

རང་ཕྱོགས་གཞན་ཕྱོགས་གནམ་སར་མཐོང་བའི་གཏི་མུག་མིག་གི་རྒྱན་སྤྲས་ཤིང་།།
ཆགས་སྡང་མེ་དེ་ཆེས་ཆེར་འབར་ནས་རང་རྒྱུད་བུད་ཤིང་ཐལ་བར་བསྲེགས།།
ཀུན་མཁྱེན་བླ་མའི་མཚན་ཙམ་ཤེས་ལ་ཐེ་ཚོམ་ནེམ་ནུར་ད་རུང་གཡོ།།
གསུང་གི་བདུད་རྩིར་ཐོས་བསམ་བྱས་ནས་དར་སྤེལ་བྱེད་རྒྱུ་རིང་དུ་བཞག།

སྐྲ་ལ་གྲི་འཇུ་གོས་ལ་ཚོན་འཛིན་ཕྱོགས་བཅུའི་རྒྱལ་བའི་ཕྲིན་ལས་ཡིན།།
སུས་ཀྱང་མ་ཤེས་སུས་ཀྱང་མ་རྟོགས་ད་དུང་རང་གིས་འཇོན་སྣང་ཤར།།
རྐང་པ་གཉིས་ལས་འགྲོ་ས་མེད་པའི་ལམ་བུ་དེ་ལ་བརྗིད་སྣང་ཆེ།།
ཚེ་འདིའི་ཡུན་ལ་ཡང་ཡང་བསམ་ན་དེ་དག་སྙིང་རྗེའི་ཡུལ་དུ་གྱུར།།

འཇམ་དབྱངས་བླ་མ་ཁྱེད་གསུང་མཇལ་ལ་བདག་ནི་ཡིད་སེམས་དགའ་སྤྲོས་བརྟས།།
ཁྱེད་ཀྱི་ཐུགས་བརྩེའི་སྦྲང་ཆར་དེ་ཡང་ཁོ་བོའི་སྙིང་གི་པདྨོར་བབས།།
རང་གི་བློ་གྲོས་ཅུང་ཟད་འདི་ཡང་སྣང་བའི་གོ་སྐབས་ཡངས་པོར་ཕྱེ།།
མ་ལུས་མཐའ་དག་སྐྱེ་རྒུ་ཀུན་ཀྱང་ཁྱེད་དང་མཉམ་པའི་གཤིས་པ་སྩོལ།།

བདག་དང་བདག་ལ་བརྩེ་སེམས་ཅན་གྱི་ལུས་ཅན་ཀུན་ཀྱང་རྗེས་བཟུང་ནས།།
བྱམས་དང་སྙིང་རྗེ་དད་དང་དམ་ཚིག་བྱང་ཆུབ་སེམས་ཀྱིས་རྒྱུད་ཕྱུག་ཅིང་།།
ཆོས་རབ་རྣམ་འབྱེད་བློ་གྲོས་པདྨོའི་འདབ་མ་རྣོ་བའི་རལ་གྲི་དེས།།
ཤེས་བྱའི་ཆོས་ཀུན་རང་གི་ལག་ཏུ་དུམ་བུ་དུམ་བུར་ཆོད་གྱུར་ཅིག།

ཅེས་པ་འདིའང་སྤྱི་ལོ་ ༢༠༢༡ ཟླ་བ་ ༠༦ ཚེས་ ༠༩ ཉིན་འཇམ་མགོན་མི་ཕམ་བླ་མའི་དགོངས་རྫོགས་ཀྱི་དུས་ཆེན་ཁྱད་པར་ཅན་དེར།  སྔ་འགྱུར་མཐོ་སློབ་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་དགེ་འདུན་འདུས་ཚོགས་དང་ལྷན། མགོན་པོ་གང་ཉིད་ཀྱིས་མཛད་པའི་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཀྱི་སྒོ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་དང་།  གཞན་ཡང་འཆད་རྩོད་རྩོམ་གསུམ་གྱི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ཕུལ་ནས།  སྤྱི་ལོ་ ༢༠༢༡ ཟླ་བ་ ༠༦  ཚེས་ ༡༠ ཉིན་གྱི་སྔ་དྲོར་འཇམ་མགོན་བླ་མ་གང་ཉིད་ལ་ལྷག་པར་དུ་དད་པ་སྤྲུལ་མིང་ཙམ་འཛིན་པ་པདྨ་ཚེ་མཆོག་རྡོ་རྗེ་རུ་འབོད་པ་དེས་བྲིས་པ་མངྒ་ལཾ།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་ནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།