རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 20 June 2021

གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [སྨད་ཆ།]

༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ་གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།

༡. བཟོད་མེད་སྐྱོ་བའི་མིག་ཆུ།
མི་ཕམ་རྣམ་རྒྱལ། སྔ་འགྱུར་མཐོ་སློབ་ཆེན་མོ།


མཁན་རིན་པོ་ཆེ་ལགས། དགོངས་དག 
ང་ཚོ་བསོད་ནམས་ཀྱི་ལས་སྐལ་རྫོགས་པས། 
ཁྱེད་ཕེབས་པ་སྔ་སོང་།

ཁྱེད་ཀྱི་བསྟན་དང་སྐྱེ་འགྲོར་སྨན་པའི་རླབས་ཆེན་གྱི་བྱ་བཞག་དང་། བྱམས་བརྩེའི་འོད་མདངས་རྣམས། 

དེ་རིང་ཁོ་བོས་ཡིག་ཕྲེང་ལས་བརྗོད་མི་ཤེས་པ་ཞིག་ཏུ་གྱུར།  དྲྭ་ཐོག་གང་དུ་སོང་ཡང་།
ཁྱེད་གཤེགས་པའི་གདུང་བའི་མིག་ཆུ་དེ་མཇལ་དུས། 
སྙིང་ལ་བཟོད་མེད་ཀྱི་གདུང་བས་མིག་ཆུ་བཞུར་ཅིང་།
ཅི་བྱ་གཏོལ་མེད་ཞིག་ཏུ་གྱུར།

མགོན་མེད་བསོད་ནམས་དམན་པས། 

ང་ཅག་སློབ་བུ་རྣམས་བསམ་ན། 
ཕ་རྗེ་བཙུན་དམ་པ་ཁྱེད་གཤེགས་པ་སྔ་སོང་།

ཁྱེད་ནི་དང་པོ་ནས་སྐྱེས་ཆེན་དང་མིང་ཆེན་གྱི་བླ་སྤྲུལ་ཞིག་མིན་ཡང་། 

ཕྱུག་རྫི་རྒན་པོ་ཞིག་གིས་དཀའ་ལས་སྡུག་རུས་ཀྱིས། 
དམ་ཆོས་ལ་ཐོས་བསམ་སྒོམ་ཞིང་། 
རང་གི་བླ་མའི་རྣམ་ཐར་དེ་དག་རང་གིས་སྲོག་ལས་གཅེས་པར་འཛིན། 
ཕྱི་སོ་ཐར་སྡོམ་པའི་མཛེས་པའི་རྒྱན་དུ་སྤྲས། 
ནང་བྱང་སེམས་དང་གསང་བ་སྔགས་ཀྱི་དམ་ཚིག་སྲོག་ལས་གཅེས་པར་འཛིན་པའི་སྐྱེས་བུ་ཞིག་དང་། 
བསྟན་དང་འགྲོ་ལ་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་བྲལ་བའི་སྙིང་སྟོབས་ཅན་བྱང་ཆུབ་སེམས་དཔའ་ཞིག་ཡིན་པར། 
ཐེ་ཚོམ་ཡིད་གཉིས་སུ་མེད་པར་གུས་པས་ངེས་པ་རྙེད་ཡོད་ཅིང་། 
དེ་རིང་དད་པས་གསོལ་བ་འདེབས་ས་གཅིག་པུ་ཁྱེད་ཉིད་དག་ཞིང་དུ་གཤེགས་པའི་གཏམ་དེ་ཐག་རིང་ནས་ཐོས་མ་ཐག 
ད་དུང་ཡིད་གཉིས་སུ་གྱུར་ནའང་། 
དྲྭ་ཐོག་ནས་བལྟས་པས། གང་དུ་ཡང་མྱ་ངན་གྱི་གུས་འདུད་ཁེངས་པ་ལ་བསམ་དུས། 
སྐྱོ་བ་དང་མིག་ཆུ་བཟོད་གླགས་མེད་པར་གྱུར།

སྤྱིར་རིན་པོ་ཆེ་མཆོག་སྙིང་སྟོབས་ཆེ་ཞིང་སྙིང་རྗེ་ཆེ་བ། མཆོག་དམན་ལ་ཉེ་རིང་མེད་པ་མཁས་པའི་ཚུལ་དགུ་དང་ལྡན་ཞིང་། 

ལྷག་པར་སྐྱེ་བོ་དམན་པ་རྣམས་ལ་སྐུ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་གཞན་ཕན་སྒྲུབ་པ་ལ་བརྩོན་ཞིང་། 
མི་ཚེ་ནང་གཞན་དོན་བསམ་པ་མ་གཏོགས། 
རང་དོན་ལ་འཕྲེང་བ་གཏན་ནས་མི་མངའ་ཞིང་། 
རང་གི་སློབ་བུ་རྣམས་ལ་བྱམས་བརྩེས་སྐྱོངས་སྟངས་ལ་བསམ་དུས།
ད་ཆ་ཁྱེད་འདྲ་ཞིག་གུས་པས་གང་དུའང་མཇལ་མྱོང་མེད་ཟེར་ཀྱང་ཆོག

ཞོགས་པ་སློབ་ཕྲུག་རྣམས་ཞལ་འདོན་བསྐྱོར་དུས་སུ།

རིན་པོ་ཆེ་ཁང་ཐོག་ནས་ཕྱག་གཉིས་ཐལ་མོ་སྦྱར་ནས་སློབ་ཕྲུག་རྣམས་ལ་གསོལ་འདེབས་སྨོན་ལམ་གནང་བ་དང་།
གུང་གསེང་དུས་སུ་སློབ་ཕྲུག་མཉམ་དུ་རྩེད་ཐང་དུ་རྩེད་མོ་གནང་བ་དང་། 
ཕྲུ་གུ་རྣམས་ལ་སྨན་བཅོས་དང་གཟུགས་པོ་འཁྲུད་རྒྱུ་ཡན་ཆད་རང་ཉིད་ཀྱིས་གནང་ཞིང་། 
རྔན་པ་གང་མང་ཉོས་ནས་ཅི་བཟའ་ཅི་འཐུང་གནང་བ་རེ་མཇལ་དུས། 
གུས་པའི་སེམས་ནས་དད་པའི་མིག་ཆུ་ཤོར་བ་མི་ཉུང་བ་མེད།
ད་ཆ་ང་ཚོ་ཕ་མེད་དྭ་ཕྲུག་བཞིན་ལྷག་པས། 
ཁྱེད་ཕེབས་པ་སྔ་སོང་།

ཀྱེ་མ། ཁྱེད་ཀྱི་བྱམས་བརྩེ་ལས་འཚོ་བའི་གཅེས་ཕྲུག་རྣམས།
ད་ཆ་མགོན་མེད་དྭ་ཕྲུག་བཞིན་དུ་འགྱུར་ཞིང་ཡོད།
རིན་པོ་ཆེ་ལགས།
ཁྱེད་མྱུར་དུ་ཟླ་གཞོན་གསར་པ་ཕེབས་པར་ང་ཚོ་རེ་སྒུག་ངང་ཡོད། 
མྱུར་དུ་འབྱོན་རོགས། 
གོང་མའི་རྣམ་ཐར་བརྩོན་རོགས། 

ཁྱེད་ཀྱི་བཀའ་དྲིན་དེ་དག

ང་འདྲ་ཞིག་གིས་ཚིག་གིས་བརྗོད་པའི་སྤོབས་པ་མི་ལྡན་ཡང་། 
འོལ་སྤྱི་ཙམ་དད་པས་གསོལ་འདེབས་སུ་ཤོར།
ང་མི་ཐ་ཤལ་བ་ཞིག་ལ་བསམ་ན་ཡང་། 
གཏན་དུ་དངོས་དང་བརྒྱུད་ནས་བཀའ་དྲིན་ཆེ་བའི།
སྤྱི་གཙུག་གི་ཡིད་བཞིན་གྱི་ནོར་བུ་ནི། 
གནས་འདི་ན་ཁྱེད་ཁོ་ན་ལས་མ་མཆིས་ཤིང་།
དངོས་སུ་མཇལ་དུས་གདམས་ངག་གསུངས་མོལ་དང་། 
མ་འོངས་ལམ་སྟོན། 
འཚོ་བ་མཐུན་འགྱུར། 
བྱམས་བརྩེ་ཡིས་དགྱེས་འཛུམ་དང་། 
དྲྭ་ཐོག་ནས་ཀྱང་བཀའ་སློབ་དང་གསུང་འཕྲིན་ཡང་ཡང་གནང་མཁན་ནི། 
ཁྱེད་ལས་ལྷག་པའི་དྲིན་པོ་ཆེ་དང་ཡིད་བཞིན་ནོར་བུ་ཞིག་གང་ནའང་མེད་པས། 
རིན་པོ་ཆེ་ལགས། 
དེ་རིང་ང་ཁྱེད་དྲན་པའི་གདུང་བ་དེ་སུ་ལ་བརྗོད་དགོས་སམ། 
མགོན་མེད་བསོད་ཟད་ང་། 
དེ་རིང་ཁྱེད་དྲན་པ་བཟོད་གླགས་མེད།

     མཁན་རིན་པོ་ཆེ་ལ་ཤེས་ནས་དད་པ་ཐོབ་པའི་ཐ་ཤལ་མགོན་མེད་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནས། བཟོད་མེད་སྐྱོ་བའི་མིག་ཆུ་ཤོར་བཞིན་པའི་ངང་། ༸གྲུབ་དབང་བླ་མའི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་མདུན་དུ་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་བྲིས་སོ།།


༢. ངེད་ཚང་ནི་དེ་འདྲའི་བསོད་ཟད་ཅིག
པ་སངས་ཚེ་རིང་། སྔ་འགྱུར་མཐོ་སློབ་ཆེན་མོ།


ད་ཞོགས་ཀྱི་སྐད་ཆ་ཟེ་མ་ར་མགོ་དེ།
ངའི་རྣ་མཆོག་ཏུ་འཚང་ཐེངས་རེར།
ངའི་ཨ་མཆོག་ལ་མེའི་ཨ་ལོང་བཅངས་པའི་ན་ཟུག་ཀྱང་ཅང་མ་ཚོར།
ཁྱེད་ཉིད་གཤེགས་པའི་ཟུག་གཟེར་གྱི་མེ་མ་མུར་རེ་རེས་ངའི་སྙིང་ཁམས་ཧྲལ་དུས།
ལུས་པོ་ཚལ་པ་བརྒྱ་རུ་བཏང་བའི་ན་ཟུག་ཀྱང་ཅང་མི་ཚོར།

ངས་ཅི་ཞིག་གོ་སོང་བ་རེད། བླ་མ་མཁྱེན།
དེ་རྨི་ལམ་ནང་གི་གཉིད་ལབ་ཅིག་མིན་འགྲོ།
ཅི་ཡིན་ནའང་ཐང་།
ད་ཡིན་ན། མིག་ཆུས་མིད་པ་བརྣངས་སོང་།
འགྱོད་གདུང་གིས་བྲང་ཁོག་བཀས་སོང་།
ཕང་སེམས་ཀྱིས་རྣམ་ཤེས་བཅུན་སོང་།
ཁྱེད་ངེད་ཚང་གི་མ་འོངས་ཕུག་མདུན་གྱི་རི་མོ་ཡོད་ཚད་བྲིས་ནས།
མཐར་སྐྱེལ་མ་ཞིག་ཀྱང་བྱེད་རྒྱུ་མ་འབྱུང་བར་ས་སྨྱུག་ལྟར་ཆས་སྟངས་ནི། དེ་འདྲའི་སྐྱོ་བ་ལ་ཨང་།

དྲིན་ཆེན་ལགས།
ཁྱེད་ཀྱིས་བསགས་པའི་རྔུལ་ཆུ་དག
དེ་རིང་ཚང་མས་མིག་ནས་འདོན་གྱི།
ཁྱེད་ཀྱིས་མཛད་པའི་ཕྲིན་ལས་དེ།
ཚང་མས་ངུ་ངག་གི་དབྱངས་སུ་གྱེར་གྱི།

མཁན་པོ་ལགས།
ཁྱེད་སྨན་ཁང་དུ་རང་ཉིད་འཆི་ལ་ཐུག་སྐབས་ཀྱང་།
བྱམས་པའི་ཞལ་དང་བརྩེ་བའི་ཐུགས་ཀྱིས།
ང་ཚོར་ངག་སྒྲ་ཐོན་མ་ཐོན་གྱིས་སྐད་ཕྲིན་བརྒྱུད་ནས།
"ཁྱེད་ཅག་སེམས་ཁྲལ་མ་གནང་། སོ་སོའི་ལུས་པོར་བདག་སྐྱོང་ཡག་པོ་བྱོས། ཁྱེད་ཚོ་གྲྭ་བཙུན་ཁ་ཤས་ཆམ་པ་འདྲ་ན་གི་ཡོད་པ་གོ་ཐོས་བྱུང་། ད་ལྟ་འདིར་གཅིག་ནས་ཁྱིམ་སྡོད་བཀག་རྒྱ་དང་། གཉིས་ནས་ང་རང་ཡང་སྨན་ཁང་དུ་ལུད་ནས་ཡོད། ངས་ཁྱེད་ཚོར་སྒོར་མོ་འདྲ་སྐུར་དགོས་བསམས་ཀྱང་སྐུར་ཐབས་མི་འདུག གང་ལྟར་ཁྱེད་ཚོར་དཀའ་ངལ་ཕྲད་ན། སྒོར་མོ་གཞན་ནས་གཡོར་དང་། ནད་གཞི་ཡང་རུ་འགྲོ་དུས། ངས་རྗེས་སུ་སྐྱིན་པ་སྤྲད་ཡོང་།"
ཞེས་པའི་སྐད་ཆ་དེ། 
ད་དུང་ཡང་ངའི་སེམས་སུ་རྗེན་པ་རྗེན་རྐྱང་དུ་ལྷག་ནས་འདུག 
སྐད་ཆ་དེར་བསམ་བཞིན་བསམས་ནས།
རང་ཉིད་ཁེར་བུས་མིག་ཆུ་བཏང་བ་ལས། 
ངས་གང་ཡང་འགྲེལ་མ་བཤད་པར་ལུས་ནས་ཡོད།

ཁྱེད་གཤེགས་བཤུལ་ན།
ཁྱེད་ཀྱི་བྱམས་པའི་མངལ་ལས་བསྐྱེད་པའི་དྭ་ཕྲུག་ང་དང་ང་འདྲ་བ་མང་པོ་ཞིག་གི་ལས་དབང་སུས་སྐྱོང་།
ཁྱེད་ངེད་ཅག་གི་དོན་དུ་མི་ལོ་སུམ་ཅུ་ལྷག་ཙམ་གྱི་རིང་།
སྒོར་མོ་གཡས་སྒྲུག་གཡོན་སྒྲུག་དང་།
སྟོད་གཡར་སྨད་གཡར་གྱིས།
མགོ་བོ་བཏུད་ས་ལ་མགོ་བོ་འདུད།
བྲང་བ་གུག་ས་ལ་བྲང་བ་གུག་ནས།
ལུས་པོ་ནད་ཀྱིས་ཟིན་ཅིང་ཕྱག་ཟུང་སེར་ཀས་གས་ཀྱང་།
གདུང་མ་དང་རྩིག་རྡོ་རེ་རེ་ནས་རང་གི་ཕྲག་པར་ཁྱེར་ཅིང་།
གྲྭ་ལ་གྲྭ་ས་བཙུགས།
སྐྱ་ལ་སློབ་གྲྭ་བཙུགས་ནས།
ཁྱེད་ད་ལྟ་ལྷོད་ལྷོད་ངང་བཞུགས་ཏེ།
ངེད་ཅག་གིས་དྲིན་ལན་གསབ་པའི་དུས་ལ་སླེབས་པ་ན།
ཨ་ཕ་ལགས། ཁྱེད་དེ་འདྲ་གང་དུ་ཆས་ནས་ཡོད།
ཀྱེ་མ་ཧུད། ངེད་ཚང་ནི་དེ་འདྲའི་བསོད་ཟད་ཅིག

ཨེ་མ་ཧོ། ཡི་དམ་ཆོས་སྲུང་ཚོགས།
ཁྱེད་ཅག་ལ་གང་འདོད་ཀྱིས་གསོལ་གསོལ་མཆོད་མཆོད་བྱས་ཀྱང་།
ངེད་ཅག་ལ་དེ་ཙམ་གྱིའང་སྙིང་རྗེས་མ་གཟིགས་པ་ཅི་ཡིན་ནམ།
    
     མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ་ཕྱིར་མི་ལྡོག་པའི་དད་པ་ཐོབ་པའི་ནུབ་རི་བ་པ་སངས་ཚེ་རིང་མིང་ཅན་ནས། གང་ཉིད་ཞིང་ལ་གཤེགས་པ་ཐོས་ཕྲལ་དུ་ ༢༠༢༡/༠༦/༡༧ ཉིན་བྲིས་ནས། ༠༦/༢༠ ཉིན་བཅོས་ནས་སྤེལ།


༣. སླར་ཡང་ཁྱེད་ནམ་ཞིག་མཇལ་ལམ།
སྨྱུག་སེམས་རང་མདངས། བལ་ཡུལ།


བླ་མ་ལགས།
ང་ཚོ་ལ་རེ་ས་ཁྱེད་ལས་མེད།
ཁྱེད་ནི་ཞིངས་ཁམས་གཞན་དུ་གཤེགས་དོན་ཅི།
ང་ཚོ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ནང་དུ་ལུས་སོང་།
ང་ཚོ་ཁྱེད་ལ་སྒུག་མཁན་ཞིག་གི་ངོས་ནས་བཤད་ན།
ཁྱེད་མེད་པའི་ཉི་མ་ནི་ལོ་ལས་རིང་།

བླ་མ་ལགས།
ད་ནི་སུ་ལ་རེ།
སུ་ལ་སྐྱབས་སུ་འགྲོ་དགོས།
ཁྱེད་མེད་ན་སྐྱབས་དང་རེ་ས་གཞན་ཞིག་ན་ངོ་མ་མི་འདུག
བླ་མ་ལགས།
ཁྱོད་སླར་ཡང་མགོན་མེད་དྭ་ཕྲུག་གི་དོན་དུ་མྱུར་དུ་ཕེབས་རོགས།
མི་ང་འདྲ་ཞིག་གིས་ཁྱེད་ལ་སུན་སྣང་སྐྱེད་པའི་བདུད་ངོ་མ་ཞིག་ཆགས་སོང་།
འོན་ཀྱང་ཁྱེད་སེམས་དཔའ་ཆེན་པོ་ཞིག་ཡིན་སྟབས།
སླར་ཡང་ང་ཚོའི་དོན་དུ་ཕེབས་རོགས།
ད་དུང་ང་ཚོ་གཉིད་སད་མེད།

བླ་མ་ལགས།
མ་ཚད་ད་དུང་ཁྱེད་ཀྱི་བྱ་བའང་རྫོགས་མེད།
ངེད་ཚོ་གང་དུ་འདུག་ཀྱང་མགོན་པོ་ཁྱོད་ཉིད་ཀྱི་ཆེད་དུ་ཡིན།
ཁྱེད་འདས་པའི་སྡུག་གཏམ་ཆེན་པོ་དེས།
ངེད་ཚོའི་སྦུག་ཆུང་གི་རྣ་བར་ཤིན་ཏུ་གཟན་ལགས།
ཡིད་མ་ཆེས་ཀྱང་སྐྱོ་སྣང་གི་མིག་ཆུས་རྡོག་སྣེ་གྲིལ་ཏེ།
ཟར་མའི་མེ་ཏོག་ནི་དགུན་གྱི་མེ་ཏོག་ཏུ་གྱུར།

བླ་མ་ལགས།
དགོངས་དག
ཐག་རིང་རྒྱང་ལ་ལྟ་མི་ཤེས་པའི་དྭ་ཕྲུག་ང་ཚོར།
འགྱོད་གདུང་ཆེན་པོ་ཡོད།
ཁྱེད་ཀྱི་བྱ་བ་ལ་ཐོ་བརྩམས་སོང་།
བླ་མ་མཁྱེན།
སླར་ཡང་ཁྱེད་ནམ་ཞིག་མཇལ་ལམ།


༤. བླ་མ་ལགས། སྐྱབས་སུ་མཆི།
ཚེ་འགྱུར་ནུབ་རི། སྔ་འགྱུར་མཐོ་སློབ་ཆེན་མོ།


བླ་མ་ལགས།

གང་ཉིད་ནི་ས་སྟེང་གི་བྱང་ཆུབ་སེམས་དཔའ་ཞིག་སྟེ།
ཁྱེད་ཉིད་མཇལ་བའི་སྐལ་བཟང་ནི།
ཚོགས་བསགས་གྲངས་མེད་ལས་བྱུང་བའི་བསོད་ནམས་ཡིན་པར་སོམ་ཉི་མེད།

སྐུ་ཉིད་བདེ་ཆེན་ཞིང་དུ་ཕེབས་ཀྱང་།
གང་གི་ཐུགས་རྗེ་ནི་ཤིན་ཏུ་ཟབ་པས།
རྒྱུན་མཐའ་མེད་པར་ངེད་བུ་ཕྲུག་རྣམས་ལ་གཟིགས་པའི་རེ་སྨོན་ཞུས།

ཁྱེད་ཀྱི་ལྷད་མེད་ཀྱི་བྱམས་བརྩེ་དྲོན་མོ་དེ།
ནམ་ཡང་ངེད་ཀྱི་འཁྱགས་རོམ་གྱི་སེམས་ཁམས་ལས་ནུབ་མི་རུང་།
ནམ་ཡང་།

བླ་མ་ལགས།
སྐུ་ཉིད་ཀྱི་དྭངས་གཙང་གི་ཕུགས་བསམ་དང་རེ་བ་ནི།
མཐའ་ཡས་པས།
དེ་དག་ལས་ཟུར་གྱི་ཆ་ཙམ་ཞིག
ངེད་ཅག་གིས་བསྒྲུབ་ནུས་པར་བྱིན་གྱིས་རློབས་ཤིག
བླ་མ་ལགས། སྐྱབས་སུ་མཆི།


«གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ་སྨད་ཆ་»འདིར་ཡང། ངེད་དྲྭ་བས་རྩོམ་ཡིག་ལེགས་མིན་ལ་མ་ལྟོས་པར། ལྷུག་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།