དགའ་དགའ། ཐཱའི་ཝན།
བདག་པོ་བོར་བའི་བདག་མེད་འཁྱམ་པོ་ཞིག །
སྙིང་ལ་ལྡེབ་ཚེ་གཡར་པོའི་བུ་ལོན་འདྲ།།
དུང་སེམས་མེ་ལྕེ་དྲོན་མོའི་བར་གསེང་ནས།།
ཟླ་ངོ་འདི་ནི་ལོ་ངོ་གཅིག་ཏུ་འཐེན།།
སེམས་ཀྱི་ཤེལ་སྒོ་ཆག་རོ་ནང་དུ་བལྟས།།
དུས་ཚོད་ལྟེབ་བཞིན་རྒྱང་མིག་ཅེར་འགྲོ་དུས།།
ང་རང་ཨ་མའི་པང་དུ་འགུལ་གྱིན་མཆིས།།
འཚོ་བའི་ལང་ཚོ་འབུས་པའི་བང་རིམ་ན།།
སེམས་པ་འགའ་ཞིག་ཕན་ཚུན་བརྡབས་རྗེས་སུ།།
བར་སྐོར་ནང་གི་རྐང་རྗེས་སོ་མ་དག །
ལུས་རྟེན་ཞིག་གི་དཀོན་མཆོག་ཡིན་རེད་ཨང་།།
སྤུ་ཡི་ཉག་མ་ལྟ་བུའི་རྣམ་ཤེས་དེ།།
རླུང་གིས་སྤུར་ཞིང་མཁའ་ནས་འཐོར་ཡོང་ན།།
དུར་ཁྲོད་ནང་གི་སོ་པ་ཧམ་ཆེན་ཚོས།།
རེ་སྒུག་རྨི་ལམ་ཞིང་དུ་ཁྲིད་ངེས་རེད།།
འཁྲུལ་སྣང་སོབ་སོབ་ཡིན་པའི་མེ་ཏོག་ཅིག །
འཚོ་བ་གཞུང་གི་རྒྱབ་གཟུགས་ཡག་མོ་ཡིན།།
ཧ་ཅང་གསལ་བའི་ངོ་གདོང་མཐོང་ཡོང་ན།།
བར་དོའི་འཕྲང་ནས་སྙན་ངག་གྱེར་དགོས་ངེས།།
མི་ཚེ་ཟེར་བ་ལས་ཀྱི་ལན་ཆགས་ཙམ།།
སྙིང་གི་མི་དེ་བསམ་པའི་ཟས་ཡིན་ཅིང་།།
དྲན་པའི་བརྡ་ལན་སུས་ཀྱང་མི་འདུག་ན།།
བདག་གི་སྙན་ངག་ཕལ་ཆེར་ཕམ་པར་གྱུར།།
༢༠༢༡/༠༦/༢༢ ཉིན་ཐཱའི་ཝན་ནས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-དྲན་པ་ལྟེབ་རྩེག་མ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།