རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 26 June 2021

ངེས་དོན་གྱི་རྒྱལ་སྲས་ཆེན་པོ།

སྡེ་དགེ་སྐལ་བཟང་། 


རིགས་གསུམ་སྒྱུ་འཕྲུལ་གར་གྱིས་བསླུ་མཛད་པ།།
ངེས་དོན་བསྟན་པའི་གཙུག་གི་མེས་དབོན་ཁྱེད།།
སྐབས་བབས་ས་གསུམ་གཡོ་བའི་བ་དན་གྱི།།
སྐུ་གསུམ་ལྷུན་གྱིས་བལྟམས་པའི་འཁྲུངས་སྐར་བསུ།།

རྣམ་དག་རྒྱལ་བསྟན་སྤེལ་ལ་འགྲན་བྲལ་བ།། 
ཐབས་ཤེས་བློ་དྲུག་རྩལ་ལ་དབང་འབྱོར་བའི།།
དུས་གསུམ་སངས་རྒྱས་ཀུན་གྱི་གཅིག་བསྡུས་པ།།
ཐུབ་བསྟན་ཉིན་བྱེད་དབང་པོ་ཁྱེད་ལ་འདུད།།

མཁྱེན་རྒྱ་དགུང་སྔོན་དབྱིངས་ལྟར་རབ་ཟབ་ཀློང་།།
ཐུགས་གཤིས་བལ་དཀར་བཞིན་དུ་འཇམ་པ་ལ།།
ནང་བསྟན་ཡང་དག་ལམ་གྱི་དེད་དཔོན་ཁྱེད།།
རབ་མཛེས་གསེར་གྱི་ཉི་མ་བཞིན་དུ་འཚར།།

སྣང་སྟོང་ཆོས་ཉིད་དག་པའི་བདེན་དོན་ལ།།
སྐུ་ངལ་བརྒྱ་ཕྲག་མཛད་པའི་དཔའ་བོ་ཞིག།
རི་བོ་ཧི་མ་ལ་ཡི་བརྒལ་མཚམས་སུ།།
སྐྱེ་དགའི་མེ་ཏོག་འཛམ་གླིང་ཁྱོན་ནས་བཞད།། 

གནས་ལྔ་རིག་པའི་སྒོ་མོ་རབ་ཕྱེས་ཏེ།། 
ཕྱི་ནང་ཀུན་ལ་སྙན་པའི་འབྲུག་སྒྲ་ལྡིར།།
ལོ་རྒྱུས་ཀློང་གི་འོད་ཀྱི་ཐིག་ལེ་ཁྱེད།།
ས་གསུམ་སྐྱོང་བའི་རྗེ་བོ་ཅི་ལ་མིན།། 

བརྗིད་ཆགས་གངས་ལ་གསེར་གྱི་གཤོག་པ་ཅན།།
རབ་མཛེས་མཚོ་ལ་གཡུ་ཡི་འདབ་མ་ཅན།།
གངས་ཅན་བོད་ལ་དུང་གི་ཟླ་བ་ལྟར།། 
ཆེམ་ཆེམ་འབར་བའི་སངས་རྒྱས་ཁྱེད་ཉིད་བསྟོད།།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།