རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 6 June 2021

ཕ་ཡུལ་དྲན།

རོང་ཕྲུག སྔ་འགྱུར་མཐོ་སློབ་ཆེན་མོ།


ནད་ངན་རླུང་ལྟར་ཁྱབ་པའི་ས་མཐའ་ནས།།
ཟང་ཟིང་སེམས་ཀྱི་ན་ཟུག་ལང་པའི་ཚེ།།
མཐའ་ཀུན་མུ་ཁྱུད་བྲག་རིས་བསྐོར་བ་ཡི།།
ཡིད་འོང་མཛེས་ལྡན་ང་ཡི་ཕ་ཡུལ་དྲན།།

ཡམས་ནད་མེ་ཆེན་དྲག་ཏུ་མཆེད་གྱུར་ཏེ།།
ཕལ་ཆེར་དུས་མིན་ཚེ་སྲོག་ཤོར་བ་དང་།།
མི་རྣམས་འཇིགས་སྣང་ཆེན་པོ་སྐྱེད་པའི་དུས།།
ལྷོ་ཕྱོགས་རྒྱ་མཚོའི་ངོགས་ནས་ཕ་ཡུལ་དྲན།།

ཟ་འཐུང་ཅ་དངོས་དག་ལའང་ཏོག་ནད་ཀྱི།།
འབུ་སྲིན་ཡོད་དམ་སྙམ་པའི་ཡིད་གཉིས་སྐྱེ།།
རང་བྱུང་ཤིང་འབྲས་སྨན་གྱིས་མ་བཅོས་པའི།།
བཅུད་ལྡན་འབྱུང་ཁུངས་བདག་གི་ཕ་ཡུལ་དྲན།།

རང་ལ་མཁོ་བའི་ཁ་རླུང་གཙང་མ་ཡང་།།
རླངས་འཁོར་བཟོ་གྲྭའི་དུ་བ་དང་འདྲེས་ནས།།
ཁོག་པར་ནད་འབུ་གསར་པ་སྐྱེ་བའི་དུས།།
དྭངས་གཙང་བསིལ་རླུང་ཅན་གྱི་ཕ་ཡུལ་དྲན།།

སྨན་ཁབ་སྤྱད་པའི་ཤིང་འབྲས་ཁ་ཟས་སོགས།།
བཟས་ན་ལུས་པོར་ཕན་དང་གནོད་པ་གཉིས།།
སྲང་མདའི་མཐོ་དམན་ཁྱད་པར་མེད་ས་ནས།།
རོ་བཅུད་ཕུན་སུམ་ཚོགས་པའི་ཕ་ཡུལ་དྲན།།

ནད་ཀྱིས་མནར་བའི་སྡུག་སྐད་ཁ་པར་གྱི།།
ལམ་ནས་ཡང་ཡང་ཐོས་ཏེ་རང་སེམས་ཡང་།།
མི་སྐྱིད་དངངས་སྐྲག་ཆེན་མོ་སྐྱེ་བའི་དུས།།
བྱ་བྱིའུ་གསུང་སྐད་སྙན་པའི་ཕ་ཡུལ་དྲན།།

༢༠༢༡/༠༦/༠༦ ཉིན་ཕ་ཡུལ་གྱི་བརྙན་པར་གསར་པ་ཞིག་མཐོང་བ་དང་རང་ཤག་ནས་བྲིས།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།