༡. ཡིག་དྲུག་སྒྲོངས།
ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ།།
དོན་དམ་ངང་ནས་ཀུན་རྫོབ་འཆར་ཚུལ་ལྟོས།།
བདེན་གཉིས་དབྱེར་མེད་བློ་བྲལ་གཉུག་མའི་གཤིས།།
སྣང་བའི་སྟེང་དུ་སེམས་ཀྱི་ཞེན་པ་ཆོད།།
སེམས་ཀྱི་སྟེང་དུ་སྣང་བའི་རྫུན་ཕུག་རྡིབ།།
སྣང་སེམས་གཉིས་མེད་རྒྱ་གྲོལ་ཕྱལ་བ་ཆེ།།
རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས།།
སེམས་ཀྱི་རང་བཞིན་རིག་སྟོང་གཉུག་མར་གྲོལ།།
རིག་པའི་རང་རྩལ་སེམས་རྟོག་རང་སར་དག།
སེམས་རིག་གཉིས་མེད་ཐིག་ལེ་གཅིག་གི་ངང་།།
བསྒོམ་མེད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།
༢༠༢༡/༠༦/༠༧
༢. ཁྱེད་ལ་བལྟས་ནས་རོལ་མོ་དཀྲོལ་ཡོད།
བསྐལ་པ་བརྒྱ་ཕྲག་བརྒལ་ཡང་བགྲེས་རྒུད་མེད།།
སྐྱེ་གཟུགས་མངོན་སྟངས་ཞིག་གི་འགྱུར་ལྡོག་མེད།།
སྙན་མོ་པི་ཝང་དཀྲོལ་ལ་ངར་མ་མོ།།
གཏམ་གྱི་བསུ་མ་བསུ་བའི་གྲོགས་སུ་ཤོག།
སྐྲ་ལོ་སིལ་སིལ་འོག་གི་འོད་གོར་གོར།།
མིག་བཟུང་སྨུག་པོ་གཡོ་ཞིང་ལྡེམ་ལྡེམ་འཁྱུག།
མཆུ་སྒྲོས་དམར་པོ་འདར་འདར་སིག་སིག་གིས།།
སྙིང་ཤ་རློན་པ་བཙག་ལ་བགྲང་དུ་ཅི།།
སྟོད་གོས་ཟིང་སྐྱ་འོག་གི་གོང་གཟུགས་དང་།།
གྱེད་གུག་དབར་གྱི་འབུར་འབུར་ཉག་ས་དག།
ལུས་པོ་གཡོ་སྟངས་ཞིག་གིས་སེམས་པ་དག།
མེ་ཞིག་ཡིན་ན་བྱང་ཁོག་ཚིག་ལ་ཁད།།
སེང་རས་སྨུག་པོའི་འོག་གི་འཕོང་ཚོས་ཟུང་།།
གོམ་པའི་འདེགས་འཇོག་དབར་གྱི་གཡོ་སྟངས་ཤིག།
ས་ལ་ཟག་ཡོང་སྙམ་པའི་སེམས་ཚེགས་ཤིག།
གོས་ཐུང་ཆུང་ཆུང་བཙིར་བ་ཚད་ཅིག་ཅི།།
སྟོད་གཡོགས་ཟིང་སྐྱ་རལ་ལ་ཁད་འགྲོ་རེད།།
སྨད་གཡོགས་སྨུག་པོ་གས་ཏེ་ཐོར་གྲབས་འདུག།
བྱང་ཆ་དོད་པའི་གོམ་པའི་འདེགས་འཇོག་དེ།།
སུ་ཡིས་རིག་ན་སྣང་བ་དབྱིངས་ལ་ཐིམ།།
ཡ་གི་བླ་མ་ཌཱ་དྲིལ་དཀྲོལ་མཚམས་བོར།།
སྡོམ་གསུམ་མཁན་པོ་སོར་མདོ་ཀློག་མཚམས་གཏོར།།
འཁོས་མེད་སྤྲུལ་སྐུ་མིག་གོང་དོན་གྲབས་འདུག།
གྲྭ་ལྡུམ་དར་མ་མཛུབ་མོའི་དབར་ན་བསྒོམ།།
དཔོན་པོ་དག་གི་གཡོ་སྒྱུའི་རྨུ་ཐག་ཆད།།
ཕྱུག་ཆེན་དག་གིས་བསླུ་བའི་བསྐལ་པ་དབེན།།
སྒྱུ་རྩལ་མཁས་པའི་པིར་གྱིས་མཚོན་ནུས་མིན།།
སྙན་དངགས་མཁན་པོ་ངག་གི་བརྗོད་པ་རྨོངས།།
འོན་ཀྱང་དབྱིངས་ལ་ཤར་བའི་གྲིབ་གཟུགས་དེ།།
ཡི་གེའི་གཟུགས་སུ་བཞེངས་པ་བསྐལ་པར་ལྕི།།
ཀུན་རྟོག་དབྱིངས་ལ་རུམ་པའི་འཇའ་ཚོན་དེ།།
སྣང་བ་གླུ་རུ་རུམ་ན་སྙན་ཤོས་རེད།།
ཧི་ཧི་ཞེས་པའི་གད་མོ་ཙིག་ཙིག་དང་།།
གུས་ཉམས་ཚུལ་གྱིས་འདོད་རྒུར་འཁྱིལ་པའི་གླུ།།
དུང་པ་ཞེ་ལ་རུམ་པའི་དབྱངས་སུ་བཀུག།
རྨི་ལམ་ཁྲོད་ཀྱི་རོལ་མོ་སྙན་ཤོས་རེད།།
ཇ་ཁང་ནང་གི་ཚིག་ཇ་ཞིམ་ཤོས་རེད།།
ཁ་པར་ནང་གི་བྲོ་བ་ཆེ་ཤོས་རེད།།
གང་ནས་བསམ་ན་ཡིད་ལ་མཛེས་ཤོས་རེད།།
མང་པོའི་སེང་ན་ཁྱེད་རང་ཡག་ཤོས་རེད།།
༢༠༢༡/༠༦/༠༦
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-འཇིགས་མེད་འཕྲིན་ལས་ལགས་ཀྱི་སྙན་ངག་ཚན་པ་གཉིས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།