ཉི་མ་འོད་ཟེར། སི་ཁྲོན་འབའ་ཐང་རྫོང་།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ།
༡. དགེ་རྒན་རང་གི་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས་པ།
མི་རིགས་གང་འདྲ་ཞིག་ཡིན་ཡང་། དེའི་སྤུས་ཚད་དང་ཡར་ཐོན་ཡོང་མིན་ནི། གཙོ་བོ་མི་རིགས་དེའི་སློབ་གསོའི་སྤུས་ཚད་བཟང་ངན་ལ་རག་ལས་ཡོད། སློབ་གསོའི་སྤུས་ཚད་བཟང་ངན་ནི་དགེ་རྒན་གྱི་ཡོན་ཚད་དང་། གཤིས་རྒྱུད་བཟང་ངན་ལ་རག་ལས་ཡོད་པ་ཞིག་རེད། དེ་བས་ང་ཚོ་མི་དམངས་ཀྱི་དགེ་རྒན་བཟང་པོ་ཞིག་བྱེད་དགོས་ན། རང་ཉིད་ལ་སློབ་མ་རྣམས་ཀྱིས་མིག་དཔེ་བྱེད་འོས་པའི་བསམ་བློ་དང་ཀུན་སྤྱོད་བཟང་པོ་ཞིག་ཡོད་དགོས།
སྤྱིར་དགེ་རྒན་ཞིག་ལ་ཆ་མཚོན་ན་ཡོན་ཏན་གྱི་ཆུ་ཚད་ཡག་པོ་ཞིག་ཡོད་དགོས་པ་དེ་གལ་ཆེན་པོ་ཞིག་རེད། བསམ་བློ་དང་ཀུན་སྤྱོད་ཡག་པོ་ཞིག་མེད་ན། ཡོན་ཏན་གྱི་ཆུ་ཚད་གཅིག་པུ་ཡོད་པ་ཙམ་གྱིས་དཔེ་བཟང་ཅན་གྱི་དགེ་རྒན་ཞིག་ཡོང་མི་ཐུབ་ལ། ཕུལ་དུ་བྱུང་བའི་སློབ་མ་ཞིག་དེ་བས་ཀྱང་གསོ་སྐྱོང་བྱེད་མི་ཐུབ། ཡོན་ཏན་གྱི་ཆུ་ཚད་ཀྱང་མེད་ལ་བསམ་བློ་དང་ཀུན་སྤྱོད་ཀྱང་ལེགས་པོ་མེད་པ་དེ་རིགས་ནི། ལོ་རབས་དགུ་བཅུ་པའི་རེ་བ་དང་མི་མཐུན་པའི་མིང་ཙམ་གྱི་དགེ་རྒན་ཞིག་རེད། དཔེར་ན་དེང་དུས་དགེ་རྒན་གྱི་དཔུང་སྡེའི་ནང་དུ་མི་ཉུང་ཤས་ཤིག་ནི། ཤེས་ཡོན་སྦྱང་བརྩོན་གནང་རྒྱུ་ལ་ཐུགས་སྣང་ཆུང་བ་དང་། དུས་ཚོད་མི་ཉུང་བ་ཞིག་རྣམ་གཡེང་དང་ལེ་ལོའི་ངང་དུ་སྐྱེལ་བ་སྟེ། ཆང་རག་ལ་སྤྱོད་པ། རྒྱན་པོ་འགྱེད་པ། ཕྲ་མ་དང་དབྱེན་སྦྱོར་གྱི་ངག་གིས་བློ་མཐུན་བར་ལ་འཁྲུག་རྩོད་སློང་བ། དུས་ཐོག་ཏུ་སློབ་ཁྲིད་མི་བྱེད་པ། སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་ཚན་དང་འབྲེལ་བ་མེད་པའི། བདག་བསྟོད་གཞན་སྨད་ཀྱི་གཏམ་མང་པོས་སློབ་མའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བ། གོས་དང་ངོ་གདོང་གི་གཙང་སྦྲ་ལ་དོ་སྣང་མི་བྱེད་པ། སློབ་མས་དྲི་བ་བཏོན་ཚེ་མི་ཤེས་ཤེས་མདོག་གིས། གང་བྱུང་དུ་ལན་འདེབས་པ་སོགས་ཀྱི་གནད་དོན་དེ་དག་གིས། སློབ་མའི་ཡིད་ལ་བག་ཆགས་ངན་པ་བཞག་སྟེ། དགེ་རྒན་ལ་གུས་ཞབས་དང་བརྩི་བཀུར་མི་བྱེད་པའི་སྣང་ཚུལ་ཐོན་ནས། དགེ་སློབ་བར་གྱི་བརྩེ་དུང་མེད་པར་ཆགས་པའི་རྐྱེན་དུ་གྱུར་སྟབས། གོང་གསལ་གྱི་གནད་དོན་དེ་དག་དགེ་རྒན་གྱིས་ངེས་པར་དུ་སྤོང་དགོས་པའི་གནད་དོན་ཞིག་རེད།
༢. སློབ་ཁྲིད་ཀྱི་ཐབས་ཤེས་ལ་དོ་སྣང་བྱེད་དགོས་པ།
སློབ་མའི་ཡོན་ཚད་དང་མི་བསྟུན་པར། དགེ་རྒན་རང་གིས་གང་ཤེས་པ་དེ་གླུ་བརྒྱ་ངག་གཅིག་གི་དཔེ་ལྟར། དུས་དང་རྣམ་པ་ཀུན་ཏུ་ཐབས་ཤེས་གཅིག་ཁོ་ན་སྤྱད་དེ་སློབ་ཁྲིད་བྱེད་པ་དེ་ནི། ཚན་རིག་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ཤེས་ཤིག་མིན། དཔེར་ན་དགེ་རྒན་འགའ་ཞིག་རང་ཉིད་ལ་ཡོན་ཏན་གྱི་གཏིང་ཚད་རིང་པོ་ཡོད་པའི་དབང་གིས། སློབ་གྲྭ་ཆུང་འབྲིང་དེ་དག་ལ་སློབ་ཁྲིད་བྱེད་པའི་སྐབས་སུ། ཁོ་ཚོའི་བློ་ཚོད་དང་མི་བསྟུན་པར། སློབ་ཚན་གྱི་ནང་དོན་ལ་རྒྱས་བཤད་དང་རྒྱས་འགྲེལ་བྱས་པ་ཡིན་ན། སློབ་མའི་རྒྱུད་ལ་ཡོན་ཏན་འབྱུང་བར་ལྟ་ཅི། དེ་ལས་ལྡོག་ཏེ་སློབ་ཚན་ལ་སྦྱོང་འདོད་མེད་པ་དང་། ཡོན་ཏན་སྦྱོང་རྒྱུ་ལ་སུན་སྣང་སྐྱེ་བ་སོགས་བསམ་བློ་ལ་གནོད་པ་འབྱུང་བ་མ་ཟད། སྦྱོང་ཚད་དངོས་ཀྱི་དུས་ཚོད་ཀྱང་ཆུད་ཟོས་སུ་གྱུར་པའི་རྐྱེན་བྱེད་ཀྱི་ཡོད་པ་རེད།
ན་ཚོད་དང་ཤེས་རིག་གང་ཅིའི་ཐད་ནས་ཅུང་ཟད་ཡར་རྒྱས་ཐོབ་པའི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་པའི་སྐབས་སུ། སློབ་གྲྭ་ཆུང་བའི་སློབ་མ་ལ་སློབ་ཁྲིད་བྱེད་པ་བཞིན་དུ་ཡི་གེ་རེ་རེ་བཞིན་དང་། ཐ་སྙད་རེ་རེ་བཞིན་དུ་འགྲེལ་བཤད་བྱེད་པ་ལས། སློབ་ཚན་གྱི་སྤྱི་དོན་དང་། སྙིང་པོའི་གནད། དགོངས་པའི་མཐིལ་སོགས། གསལ་བཤད་བྱེད་མི་ཤེས་པ་དང་མི་ནུས་པ་དེ་རིགས་ནི། ཕ་མགོ་བུས་གཡོག་དང་། བུའི་མགོ་དགྲས་གཡོག་གི་དཔེ་ལྟར། དགེ་རྒན་རང་ཉིད་ཀྱི་ལས་ཁྲལ་འཇལ་བ་ཙམ་ལས། སློབ་མ་ལ་ཕན་ཐོགས་པ་ལྟ་ཞོག དུས་ཚོད་ཆུད་ཟོས་སུ་འགྲོ་བའི་རྐྱེན་ངན་དུ་གྱུར་པ་རེད། དེར་བརྟེན་དགེ་རྒན་རྣམས་ཀྱིས་སློབ་ཚན་ཁྲིད་སྐབས། འགྲེལ་བཤད་ཁ་གསལ་ལ་གོ་བདེ་བ། ནང་དོན་གཙོ་ཕལ་དབྱེ་ཐུབ་པ། བཀའ་མོལ་ཚིག་བསྡུས་ལ་གནད་དུ་འཁེལ་བ། སློབ་མ་རྣམས་ཀྱི་རྣ་བའི་དབང་པོ་རང་དབང་མེད་པར་འགུགས་ནུས་པའི་གསལ་བཤད་རེ་གནང་ཐུབ་པ་ཡིན་ན། ད་གཟོད་སློབ་ཁྲིད་ཀྱི་ཕན་འབྲས་བཟང་པོར་ཐོན་ཐུབ། གལ་ཏེ་སློབ་མའི་གོ་སྟོབས་དང་སློབ་ཁྲིད་ཀྱི་རྩ་འཛིན་ལ་མ་གཟིགས་པར། རང་སྣང་གང་འདོད་དུ་སློབ་ཁྲིད་བྱས་པ་ཡིན་ན། སློབ་མ་ལ་སྦྱང་འབྲས་ཡག་པོ་གཏན་ནས་ཐོབ་ཐུབ་པ་མ་རེད། དེས་ན་གླུ་བརྒྱ་ངག་གཅིག་ཅན་གྱི་སློབ་ཁྲིད་ཀྱི་ཐབས་ཤེས་དེ་ནི། དགེ་རྒན་གྱིས་ངེས་པར་དུ་སྤོང་དགོས་པ་ཞིག་རེད།
༣: སློབ་ཁྲིད་ཀྱི་ཟིན་བྲིས་དང་འཆར་གཞི་ལ་དོ་སྣང་བྱེད་དགོས་པ།
དགེ་རྒན་ཞིག་ཡིན་ན་རང་གི་ལས་འགན་གཙོ་བོ་དེ་ནི། སློབ་ཁྲིད་ཡག་པོ་བྱེད་རྒྱུ་དེ་རེད། ཡིན་ནའང་མི་ཉུང་ཤས་ཤིག་གིས་སློབ་ཁྲིད་ཀྱི་བྱ་བ་ལ་ཐུགས་སྣང་ཆེན་པོ་མི་བྱེད་པར། སློབ་ཁྲིད་མ་བྱས་པའི་གོང་དུ་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་གཟིགས་རྟོགས་མི་གནང་བ་དང་། སློབ་ཚན་ལ་ཟིན་བྲིས་མེད་པ། སློབ་དེབ་གཅིག་པུ་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དེ་ནི་ཤིན་ཏུ་མི་འོས་པ་ཞིག་སྟེ། སློབ་གཞིའི་ནང་དུ་དཀའ་ངལ་དང་འཕྲད་སྐབས་གཡོལ་ཐབས་ཀྱིས་ཀློག་འདོན་བྱེད་པ་དང་། སྐབས་འགའ་གསལ་པོ་བཤད་དགོས་ངེས་ཀྱི་གཙོ་གནད་རྣམས། སློབ་ཚན་ལ་གྲ་སྒྲིག་མ་བྱས་པའི་དབང་གིས་བཤད་མི་ཐུབ་པ་དང་། དོན་ཆུང་བ་དང་ཤེས་སླ་བའི་སྐོར་དེ་ག་ལ་ཡང་ནས་ཡང་དུ་བསྐྱར་ཟློས་སུ་བརྗོད་པ། འགའ་ཞིག་གིས་རང་གིས་སློབ་དེབ་ཀློག་ནས་སློབ་མ་ལ་ཉན་དུ་བཅུག་པ་ཙམ་ལས་གསལ་བཤད་དང་། རྒྱས་འགྲེལ་གང་ཡང་བྱེད་མི་ཐུབ་པའི་གནས་ཚུལ་དེ་དག་གིས། སློབ་མའི་སྦྱང་འབྲས་ལ་འཐུས་ཤོར་ཆེན་པོ་འགྲོ་གི་རེད།
གཞན་ཡང་སློབ་ཁྲིད་ཀྱི་རྩ་བའི་སྤྱི་དོན་དང་མཐུན་པའི་འཆར་གཞི་ཞིག་མེད་ན། སྦྱང་ཚན་དེའི་ནང་དོན་ཆ་ཚང་བ་ཞིག་སློབ་མའི་རྒྱུད་ལ་འབྱོངས་མི་ཐུབ་པ་སྟེ། དཔེར་ན་སྐབས་འགར་གཟའ་འཁོར་རེ་ཙམ་ནང་བསྒྲུབ་དགོས་པའི་སློབ་ཁྲིད་ཀྱི་ལས་འགན་དེ་དག ཁྲིད་ཐེངས་རེ་གཉིས་ཙམ་ལ་རོབ་ཙམ་ཁྲིད་ནས་རྫོགས་པར་བྱེད་པ་དང་། ཡང་སྐབས་འགར་སྦྱང་ཚན་ཐུང་ངུ་རེར་ཡང་གཟའ་འཁོར་རེ་གཉིས་ཙམ་ལ་རྒྱས་བཤད་བྱེད་པ། འགའ་ཞིག་གིས་སློབ་ཚན་འགོ་བཙུགས་པའི་དུས་སུ་དུས་ཚོད་རིང་པོ་ཡོད་དགོངས་ནས། སློབ་ཚན་ཁག་ལ་འགྲེལ་བཤད་རྒྱས་དྲགས་པས། སློབ་དུས་ཀྱི་མཇུག་ཏུ་སློབ་ཚན་གྱི་ནང་དོན་མང་པོ་ཞིག་ཁྲིད་རྒྱུ་ལུས་ནས། འཚབ་འཚུབ་ངང་སློབ་ཚན་ཀྱི་ནང་དོན་ལ་བསྡུས་འགྲེལ་ཙམ་གྱིས་མཇུག་བསྒྲིལ་དགོས་པ་བྱུང་བ་སོགས། སློབ་ཁྲིད་ཀྱི་མྱུར་ཚད་ལ་འཆར་གཞི་མེད་པའི་སྐྱོན་ཆ་དེ་དག་གིས་སློབ་མའི་སྦྱང་འབྲས་ལ་གནོད་པ་ཆེན་པོ་བྱེད་བཞིན་ཡོད་པས། དགེ་རྒན་གྱིས་སྐྱོན་ཆ་དེ་དག་ངེས་པར་དུ་སྤོང་དགོས་པ་ཞིག་རེད།
༤. སློབ་ཚན་ལ་གཙོ་ཕལ་གྱི་དབྱེ་བ་ཕྱེ་ནས་ཁྲིད་རྒྱུར་དོ་སྣང་བྱེད་དགོས་པ།
དགེ་རྒན་འགའ་ཞིག་གིས་སློབ་དེབ་གཅིག་གི་ནང་དུ་ཡོད་པའི་སློབ་ཚན་དེ་དག་ཚང་མ། ཡི་གེ་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་སྦྱོར་ཀློག་དང་། འགྲེལ་བཤད་བྱེད་ཀྱི་ཡོད་སྟབས། སློབ་ཚན་གལ་ཆེ་བ་ཁག་གཅིག་དུས་ཚོད་ཀྱིས་མི་འདང་བར་སློབ་ཁྲིད་བྱེད་རྒྱུ་ལུས་འགྲོ་བ་དེ་ནི། སློབ་ཚན་ལ་གཙོ་ཕལ་གྱི་དབྱེ་བ་འབྱེད་མ་ཤེས་པའི་སྐྱོན་དུ་སྣང་། སྤྱིར་སློབ་དེབ་ཚང་མ་ལ་དངོས་གཞིའི་སློབ་ཚན་དང་། ཞོར་ལྟའི་སློབ་ཚན་གཉིས་སུ་ཕྱེ་ཡོད་པ་རེད། དངོས་གཞིའི་སློབ་ཚན་ཞེས་པ་དེ་ནི་དགེ་རྒན་གྱིས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་ནང་དོན་ལ་རྒྱས་འགྲེལ་དང་གསལ་བཤད་བྱེད་ཅིང་། སློབ་མའི་རྒྱུད་ལ་གོ་དོན་ཕུན་སུམ་ཚོགས་པོ་ཞིག་ཆགས་ཐུབ་ངེས་བྱེད་དགོས་རིགས་རྣམས་ལ་ཟེར། ཞོར་ལྟའི་སློབ་ཚན་ཞེས་པ་དེ་ནི་སློབ་མའི་ལྟ་ཀློག་གི་ནུས་པ་ཡར་རྒྱས་གཏོང་བྱེད་ཅིག་ཡིན་སྟབས། དགེ་རྒན་གྱིས་དངོས་སུ་སློབ་ཁྲིད་བྱེད་མི་དགོས་པར། སློབ་མ་རང་གིས་ཞོར་དུ་ལྟ་ཀློག་བྱེད་ཅིང་། དེ་ལ་དོན་གོ་དཀའ་བ་རྣམས་དགེ་རྒན་ལ་ཟུར་དུ་བཀའ་འདྲི་ཞུས་ནས། སློབ་མའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཐབས་ཤེས་ཤིག་རེད།
གཞན་ཡང་སློབ་ཚན་ཁྲིད་པའི་སྐབས་སུ་འཁྲིད་བྱའི་ནང་དོན་ལ་གཙོ་ཕལ་ཕྱེ་ནས་འཁྲིད་དགོས་པ།
དཔེར་ན་སློབ་གྲྭ་ཆུང་བ་ཞིག་ལ་སློབ་ཁྲིད་བྱས་པ་ཡིན་ན། སློབ་ཚན་སྤྱིའི་ནང་དོན་རགས་རིམ་ཙམ་ངོ་སྤྲོད་བྱས་རྗེས། སློབ་ཚན་ནང་གི་ཐ་སྙད་ཀྱི་ཚིག་དོན་རྣམས་རེ་རེ་བཞིན་དུ་གསལ་བཤད་ཀྱིས་གོ་བརྡ་སྤྲོད་པ་ཡིན་ན། སློབ་མ་རྣམས་ཀྱི་རྒྱུད་ལ་སྦྱོང་འབྲས་མི་དམན་པ་ཞིག་ཐོབ་ཐུབ་ངེས་རེད། དེ་བཞིན་དུ་སློབ་གྲྭ་ཆེན་མོའི་ནང་དུ་སློབ་ཁྲིད་བྱེད་པའི་སྐབས་སུ། སློབ་ཚན་གྱི་ནང་དོན་ལ་དབྱེ་ཞིབ་དང་། རྩོམ་རིག་གི་ཁྱད་ཆོས་རྣམས་ལ་དོ་སྣང་མི་མཛད་པར། དུས་ཚོད་མང་ཆེ་བ་དེ་ཐ་སྙད་ཀྱི་ཚིག་འགྲེལ་བྱེད་རྒྱུའི་ཆེད་དུ་གཏོང་བ་ཡིན་ན། དེ་ནི་སློབ་མ་རྣམས་ཀྱི་བློ་གྲོས་སྒོ་མོ་འབྱེད་པའི་བཀག་རྡོར་གྱུར་ཡོད་སྟབས། མི་ཚེ་གཅིག་གི་མདུན་ལམ་གྱི་དུས་ཚོད་ཆུད་ཟོས་སུ་འགྲོ་བའི་རྐྱེན་ངན་དུ་འགྱུར་བས། དེ་ལས་གནོད་པའི་བྱ་བ་གང་ཡོད། དེས་ན་དགེ་རྒན་གྱིས་ངེས་པར་དུ་སློབ་ཚན་ལ་གཙོ་ཕལ་གྱི་དབྱེ་བ་མི་འབྱེད་པའི་སྐྱོན་ཆ་དེ་དག་སྤོང་དགོས།
༥. ལས་བྱ་འདོན་རྒྱུ་ལ་དོ་སྣང་བྱེད་དགོས་པ།
སློབ་མ་ལ་ལས་བྱ་འདོན་རྒྱུ་དེ་ནི། སློབ་ཁྲིད་བྱེད་པའི་ཤེས་བྱ་རྣམས་བསྐྱར་སྦྱོང་བརྒྱུད། རང་གི་རྒྱུད་ལ་བརྟན་པོར་ངེས་པའི་ཆེད་དུ་ཡིན། འོན་ཀྱང་ཁ་ཤས་ཀྱིས་ལས་བྱ་འདོན་རྒྱུ་ལ་མཐོང་ཆེན་མི་བྱེད་པ། འཆར་གཞི་དང་དམིགས་ཡུལ་གསལ་པོ་མེད་པ། མང་ཉུང་གང་འདོད་བཏོན་པ་སོགས་ཀྱི་སྣང་ཚུལ་འདི་དག་གིས། སློབ་མའི་སྦྱོང་འབྲས་ལ་གནོད་པ་ཆེན་པོ་ཐེབས་ཀྱིན་ཡོད་པ་སྟེ། དཔེར་ན་དགེ་རྒན་འགའ་ཞིག་གིས་སློབ་ཚན་གྱི་ནང་ནས་དེ་གར་ཤོག་ལྡེབ་ཁ་ཤས་བཤུ་འབྲི་བྱེད་དུ་འཇུག་པ་དང་། བོད་ཡིག་ཐ་སྙད་ཁག་ཅིག་རྒྱ་ཡིག་ཏུ་བསྒྱུར་དུ་འཇུག་པ། སློབ་ཚན་དང་འབྲེལ་བ་མེད་པའི་གང་དྲན་དྲན་ཀྱི་ཁ་བྱང་བཀོད་ནས། རྩོམ་ཡིག་འབྲི་རུ་འཇུག་པ་སོགས་ཀྱི་གནས་ཚུལ་འདི་དག་གིས། སློབ་མའི་ཆེད་སྦྱོང་གི་ཆུ་ཚད་མཐོ་རུ་ཕྱིན་མི་ཐུབ་པ་མ་ཟད། ཆེད་སྦྱོང་གི་ཤེས་བྱའི་སྐོར་ལ་སྦྱང་བརྩོན་བྱེད་པའི་གོ་སྐབས་སྒྲིབ་པའི་རྐྱེན་དུ་འགྱུར་འགྲོ་བ་རེད། གཞན་ཡང་དགེ་རྒན་འགའ་ཞིག་གིས་ལས་བྱ་ལ་ཞིབ་བཅོས་དང་གཟིགས་རྟོགས་ནན་ཏན་མེད་པར། ཐམས་ཅད་ལ་འགྲིག་རྟགས་རེ་བཏབ་ནས་ཕྱིར་སྤྲོད་ཀྱི་ཡོད་པ་བཅས་ཀྱི་སྤྱོད་ཚུལ་འདི་དག་གིས། སློབ་མའི་སྦྱང་འབྲས་ལ་གནོད་པ་ཆེན་པོ་བྱེད་ཀྱིན་ཡོད་སྟབས། དགེ་རྒན་གྱིས་ངེས་པར་དུ་ལས་བྱ་ལ་ནན་ཏན་མི་བྱེད་པའི་བྱ་བ་དེ་དག་སྤོང་དགོས།
༦. སློབ་མར་སློབ་གསོ་བྱེད་སྟངས་ཀྱི་ཐད་ལ་དོ་སྣང་བྱེད་དགོས་པ།
ང་ཚོས་སློབ་གསོ་བྱེད་པའི་སྐབས་སུ་ཐབས་ཤེས་མང་པོ་ཞིག་བཏོན་ནས། སློབ་མའི་བསམ་བློ་ལ་འགྱུར་ལྡོག་འགྲོ་ཐུབ་པའི་བསླབ་བྱ་གནང་བ་བརྒྱུད། ཁོ་ཚོའི་བསམ་པ་དེ་དྲང་ཕྱོགས་སུ་བསྐྱོད་ཐུབ་པའི་ཐབས་ལ་བརྩོན་དགོས། དགེ་རྒན་ཞེས་པ་དེ་ནི། བསམ་བློ་དང་ཀུན་སྤྱོད་ཡག་པོ་མེད་པའི་མི་དེ་དག་ཡག་ཕྱོགས་སུ་བསྒྱུར་བའི་ཁ་ལོ་བ་ཞིག་ཡིན་པ་ལས། མི་ལ་མགོ་བརྡུང་དང་གནོད་པ་བྱེད་མཁན་ཞིག་མིན། འོན་ཀྱང་སློབ་གསོ་གཏོང་སྟངས་ལ་དོ་སྣང་མ་མཛད་པར་རྩུབ་ཐབས་ཁོ་ན་བེད་སྤྱོད་གནང་བ་ལས། རྒྱུ་མཚན་ལྡན་པའི་སྒོ་ནས་སློབ་མའི་ཡིད་ལ་འཐད་པའི་སློབ་གསོ་མ་གནང་ན། དགེ་སློབ་བར་ལ་ཞེ་འགྲས་འབྱུང་བའི་རྐྱེན་དུ་འགྱུར་བ་དང་། ཡང་འགའ་ཞིག་གིས་སློབ་མས་མི་མཐུན་པའི་བྱ་སྤྱོད་བྱེད་པ་མཐོང་བའི་ཚེ། རང་གི་འོས་འགན་ཏུ་གྱུར་པའི་སློབ་གསོའི་ལས་ཀ་དེ་མི་བསྒྲུབ་པ་མ་ཟད། ད་དུང་ཁོ་ཚོའི་ངོ་གདོང་ན་གང་མཛེས་མཛེས་དང་། གང་སྙན་སྙན་བཤད་ཅིང་། རྒྱབ་ལོག་ཏུ་སློབ་མའི་གནད་དོན་རྣམས་གོང་རིམ་ལ་གཏུགས་གཤེར་བྱེད་ཀྱིན་ཡོད་པའི་གནད་དོན་འདི་རིགས་དོན་དངོས་ཐོག་ནས་བཤད་ན། དགེ་རྒན་རང་གི་ནོར་འཁྲུལ་དུ་ངོས་འཛིན་དགོས་ཏེ། རང་གི་འོས་འགན་གྱི་ལས་དོན་མ་བསྒྲུབ་པར། ཆེད་གཏད་དུ་སློབ་མ་གཞོན་ནུ་རྣམས་ལ་ནོར་འཁྲུལ་བསགས་བཅུག་གི་ཡོད་པ་རེད། དགེ་རྒན་གྱིས་སློབ་མ་ལ་རེ་བ་ཆེན་པོའི་ངང་ནན་ཏན་གྱིས་སློབ་གསོ་བྱེད་དགོས་ཤིང་། གཙོ་བོར་སློབ་ཕྲུག་གི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ལ་སྐྱོན་ཆ་ཐོན་སྐབས། སློབ་མ་ལ་ཡིན་ལུགས་ཀྱི་བསླབ་བྱ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་གནང་སྟེ། ཁོ་ཚོའི་སྐྱོན་ཆ་བསལ་ཐབས་བྱེད་དགོས་པ་དང་། མི་བཟང་སྤྱོད་བཟང་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་བྱེད་དགོས། གཤེ་གཤེ་དང་ཚིག་རྩུབ་ཀྱིས་སློབ་མའི་སྐྱོན་ཆ་འཕྲལ་དང་གནས་སྐབས་གནོན་ཐུབ་པ་ཞིག་བྱུང་ན་ཡང་། མཐར་གཏུགས་ན་སྐྱོན་གྱི་རྩ་བ་ཆོད་ཐུབ་པ་ཞིག་ཡོང་དཀའ། དེར་བརྟེན་དགེ་རྒན་ཞིག་ཡིན་ན་སློབ་མའི་ལོ་ན་དང་། བསམ་པའི་ཁྱད་ཆོས་སོགས་དང་བསྟུན་ནས་སློབ་གསོ་རིག་པ་དང་མཐུན་པའི་བསླབ་བྱ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།