༈ ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། བཀྲ་ཤིས་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དམིགས་ཏེ་བརྩམས་པར་མཛད་པའི། སྙན་རྩོམ་ཕྱོགས་བསྒྲིགས་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་ལས། ཕྱོགས་མཐའ་ཁག་གི་མཁས་དབང་རྩོམ་པ་པོ་དང་སྨྱུག་ཐོགས་པ་རྣམ་པའི་སྙན་རྩོམ་ཁག
༄༅། །འཛམ་གླིང་གི་སྐྱེས་མཆོག་དམ་པའི་འཁྲུངས་སྐར་བསུ་བའི་བསྟོད་དབྱངས་དྲང་སྲོང་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།
དགེ་བཤེས་ངག་གི་དབང་ཕྱུག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་།
ཨོཾ་སྭ་སྟི།
ཁྱེད་སྐུ་འཁྲུལ་བྲལ་ངོས་འཛིན་མཛད་སྟོན་གྱིས།།
གངས་ཅན་འགྲོ་བའི་ཡིད་ལ་དགའ་བ་སྟེར།།
མཁྱེན་རབ་ཟབ་མོས་ཆོས་བརྒྱུད་མཐུན་པ་དང་།།
ཡབ་མེས་ནས་བཟུང་ཆོས་ལུགས་བཟང་ངོ་ཞེས།།
འཛམ་གླིང་ས་ཆེན་ཟླུམ་པོར་རབ་བསྒྲགས་པས།།
ཡེ་ཤུལ་ཁ་ཆེ་བླ་ཆེན་མ་ལུས་པའི།།
ཡིད་ཀྱི་འཇིགས་སྐྲག་རིང་དུ་དོར་བར་བྱས།།
གསུང་གི་དུམ་བུ་རེ་རེས་ས་ཆེན་འདིའི།།
སློབ་ཆེན་ཀུན་གྱི་ཡིད་ལ་སིལ་པ་སྟེར།།
དེ་མཐུས་འཛམ་གླིང་ཞི་བདེ་འཕེལ་བ་ཡིས།།
གྲགས་ཅན་གསེར་གྱི་རྟགས་མ་ཕལ་ཆེ་ནི།།
ཁྱེད་ལ་རང་དབང་མེད་བཞིན་འཁོར་བ་འདིས།།
ཕྱི་ནང་སྐྱེ་འགྲོ་མ་ལུས་ངོ་མཚར་གྱུར།།
རྫོགས་པ་ཆེན་པོའི་མན་ངག་ཐུགས་ལ་འཁྱིལ།།
སློབ་དཔོན་པད་འབྱུང་དངོས་དང་མི་གཉིས་མེད།།
དམ་ཆོས་ངོ་ལྐོག་མེད་པར་མཛད་སྟོབས་ཀྱིས།།
འབྲོམ་སྟོན་རྒྱལ་བ་སླར་ཡང་བྱོན་པ་བཞིན།།
དབང་གི་ཆུ་བོ་མི་ནུབ་མཛད་པ་ནི།།
ས་ཆེན་གོང་མ་བྱོན་དང་ཁྱད་པར་ཅི།།
སྔོན་མེད་དུས་འཁོར་འཛམ་གླིང་ཡོངས་ལ་སྤེལ།།
རིགས་ལྡན་ཇོ་ཞ་གཅིག་ཏུ་སྤུངས་པ་བཞིན།།
རྒྱུད་ཀྱི་རྩེ་མོ་གསང་འདུས་རབ་གསལ་བྱེད།།
གྲུབ་ཆེན་མར་པ་ནས་བཟུང་རྗེ་ཡི་བར།།
དགེ་ལྡན་བཀའ་བརྒྱུད་ཕྱག་ཆེན་བླ་མ་ཀུན།།
དུས་འདིར་དངོས་སུ་བྱོན་ལྟར་མཁས་པས་རྟོགས།།
འདུལ་བ་ཇི་བཞིན་ཕྱག་ལེན་བསྟར་བའི་མཐུས།།
ཉན་ཐོས་སྡེ་པའི་གནས་བརྟན་མགུ་བར་བྱས།།
བྱང་ཆུབ་སེམས་ལ་མངའ་དབང་བསྒྱུར་བ་ཡིས།།
མ་ཧཱ་ཡ་ནའི་ལུགས་འཛིན་རང་བར་བྱས།།
རྟེན་འབྱུང་ལྟ་བས་དངོས་ཁམས་ཚན་རིག་ལ།།
སྔོན་མེད་ལེགས་སྐྱེས་ཆེན་པོ་རབ་བྱིན་པས།།
ནང་པའི་གཟི་བྱིན་མཁའ་ལ་འདེགས་དང་ལྷན།།
ཚད་རྡུལ་རིག་པ་སྨྲ་རྣམས་ང་རྒྱལ་འཇོམས།།
ཡིད་འོང་འཛམ་གླིང་གོ་ལ་ཟླུམ་པོ་འདི།།
ཤེས་རབ་ལོག་པས་བརླག་ལ་ཉེ་བའི་ཚེ།།
སྙིང་རྗེའི་འོད་རླབས་འབར་བའི་རྒྱལ་དབང་མཆོག།
སྐྱེ་འགྲོའི་གཉེན་གཅིག་བསྟོད་ལ་མི་བྲེལ་སུ།།
མགོན་ཁྱེད་གངས་རིའི་ཁྲོད་ལ་འཁྲུངས་པ་འདི།།
འཛམ་གླིང་ཞི་བདེའི་དེད་དཔོན་བྱོན་ནོ་ཞེས།།
ལྷ་མི་འགྲོ་བ་ཀུན་གྱིས་འཁྲུངས་སྐར་བསུ།།
དགའ་བ་འདི་འདྲ་སྔོན་དུས་བདག་མ་མྱོང་།།
སྐུ་ཡི་འཁྲུངས་སྐར་བསུ་བའི་སྤྲོ་སྣང་གིས།།
ངག་གི་དབང་ཕྱུག་དགའ་བ་འཕེལ་བའི་མཐུས།།
གཉིད་དང་རྨུགས་པ་རིང་དུ་རང་སངས་ནས།།
ཁ་འདོན་ཞོར་དུ་ཡིད་ལ་ཚིག་བཅད་འཆར།།
དེ་ལྟར་རྒྱལ་བའི་འཁྲུངས་སྐར་ཉིན་མོ་ཡི།།
ཐོ་རངས་འོད་གསལ་ཕྱི་ནང་འཕྲོད་པའི་དུས།།
ངག་གི་དབང་ཕྱུག་དགའ་དད་འཕེལ་བའི་ངང་།།
གློ་བུར་ཡིད་ཀྱི་རི་མོ་འདི་བྱས་སོ།།
བོད་རྒྱལ་ལོ་ ༢༡༤༨ སྤྲེལ་ཟླའི་དམར་ཕྱོགས་བཟང་པོ་གསུམ་པ། ༢༠༢༡/༠༧/༠༦ དགེ་བཤེས་ངག་གི་དབང་ཕྱུག་པས་སོ།།
_______________________________________
༈ ༸རྒྱལ་དབང་མཆོག་ལ་བསྟོད་པ་ཐུགས་རྗེའི་ཆར་འབེབས།
༸རྒྱལ་དབང་ཐམས་ཅད་མཁྱེན་པའི་འཁྲུངས་སྐར་ ༨༦ ལ་ཕུལ་བ།
བེ་རི་དཔལ་ལྡན་རྣམ་རྒྱལ། འབྲས་སྤུངས་བློ་གསལ་གླིང་།
དུས་གསུམ་རྒྱལ་བའི་དམིགས་མེད་ཐུགས་རྗེའི་བདུད་རྩིའི་འོད་ཕུང་འཁྱིལ་བ་གང་།།
སྲིད་ཞི་རྒུད་འཇོམས་འཇིག་རྟེན་དབང་ཕྱུག་མཚམས་སྤྲིན་གོས་ཀྱིས་བཀླུབས་པ་དེའི།།
ཞབས་སེན་རེ་ཁཱ་གང་དུ་བཀོད་པའི་རྡུལ་ཡང་གཙུག་གི་རྒྱན་བསྟེན་ནས།།
སྙིང་གི་ཀློང་ན་དྲག་ཏུ་བརྡོལ་བའི་གསོལ་འདེབས་དབུ་བ་འདི་ན་རྒོད།།
སྲིད་ཞི་རྒུད་འཇོམས་འཇིག་རྟེན་དབང་ཕྱུག་མཚམས་སྤྲིན་གོས་ཀྱིས་བཀླུབས་པ་དེའི།།
ཞབས་སེན་རེ་ཁཱ་གང་དུ་བཀོད་པའི་རྡུལ་ཡང་གཙུག་གི་རྒྱན་བསྟེན་ནས།།
སྙིང་གི་ཀློང་ན་དྲག་ཏུ་བརྡོལ་བའི་གསོལ་འདེབས་དབུ་བ་འདི་ན་རྒོད།།
སྔོན་བསགས་བསོད་ནམས་བགོ་སྐལ་ཉིད་དུ་གང་ཁྱོད་ལྷ་ཡིས་བསྩལ་བ་འདིས།།
ཁ་བ་ཅན་པའི་མགོ་འཕང་མཐོན་པོ་སྐྱེ་དགུའི་དབུས་སུ་འདེགས་མོད་ཀྱང་།།
དགུང་གི་ཚོད་ནི་མཐོ་རུ་བསྙེགས་ཤིང་གདུལ་བྱའི་བསོད་ནམས་དམའ་རུ་འབབ།།
དུས་མཐའ་འདི་ན་ཐུགས་རྗེའི་སྤྱན་རས་སྔར་ལྷག་ཅིས་ཀྱང་གཡོ་བར་མཛོད།།
ལུགས་གཉིས་མིག་རས་ཀུན་ནས་ལྡོང་བའི་ཆེ་དགུ་དག་གིས་རས་ཡུག་བཞིན།།
ཕར་ཚུར་འཐེན་པས་“ཁ་ཆག་སྣ་རལ་”“སྲིད་དང་ཞི་བའི་བདེ་སྐྱིད་”གང་།།
ཆག་གྲུམ་འཇིགས་པ་ཉིད་ལས་སྐྱོབ་ཕྱིར་སྐུ་ཡི་ན་ཚོད་ཕྲ་མོ་ནས།།
གང་ཁྱོད་ཕྱག་གིས་བདག་གིས་བཞེས་པ་འདི་ཡི་བཀའ་དྲིན་གང་གིས་མཚོན།།
མེ་སྒྱོགས་སྟོང་གི་དྲག་ཆར་ཁྲོད་ནས་སྙིང་སྟོབས་དཔལ་འབར་མ་ཉམས་པར།།
གཞིས་བྱེས་གཉིས་ཀྱི་ཕུགས་བསམ་སླད་དུ་རྒྱུས་མེད་ས་མཐའི་གྲུ་ཁ་ན།།
ཕ་མ་བྲལ་བའི་ད་ཕྲུག་སྟོང་གི་ངུ་འབོད་ཞུ་ས་ཁྱོད་ཡིན་ལ།།
ཕ་ས་དྲན་པའི་མིག་ཆུ་འབུམ་ཕྲག་ཕྱི་ས་འབྱིད་མཁན་ཁྱོད་ཉིད་ཙམ།།
ཆགས་སྡང་ཟུང་གིས་འཇིག་རྟེན་ཟླུམ་པོ་དབང་མེད་བྲན་དུ་བཀོལ་གྱུར་ཏེ།།
འགྲན་རྩོད་ཆེན་པོས་དངངས་པར་གྱུར་ཅིང་གཡུལ་འཁྲུག་ཉིད་ཀྱིས་འཇིགས་སྟེར་ནས།།
སྐྱེ་དགུ་ཕལ་ཆེར་དབུགས་མ་ཕྱིན་ཅིང་རེ་བའི་སྒྲོན་མེ་འཆི་བ་ན།།
གང་ཁྱོད་གསུང་གི་ཟེགས་མ་རེ་ཡིས་ཐམས་ཅད་བདེ་བའི་དབུགས་དབྱུང་མཛད།།
མཁས་པར་རློམ་པའི་ཆེ་དགུ་དག་ཀྱང་ཁྱོད་དྲུང་མེ་ཁྱེར་ངང་ཚུལ་འཛིན།།
གྲགས་པས་སྙེམས་པའི་ཁེངས་དྲེགས་རྣམས་ཀྱང་འཛུམ་ཟེར་གཅིག་གིས་འཆིལ་བར་མཛད།།
འབྱོར་པས་འདེགས་པའི་ཕྱུག་བདག་ཚོ་ཡང་ཁྱོད་གསུང་ཉིད་ཀྱིས་དུལ་བར་གྱུར།།
ཀུན་གྱི་གཙུག་ན་མངོན་པར་མཐོ་འདི་བདག་ཅག་བསོད་ནམས་སྐལ་བས་མཇལ།།
གང་ཁྱོད་གཟི་འོད་གུར་ཁྱིམ་འོག་ནས་ཀུན་གྱིས་བསྟོད་དབྱངས་འཐེན་པའི་ཁྲོད།།
བདག་སོགས་རྣམས་ཀྱང་མགོ་འཕང་འདེགས་པའི་སྐལ་བཟང་འདི་ཀོ་ཁྱོད་ཀྱིས་བསྩལ།།
བདག་ཉིད་བདག་ལ་ཆགས་པ་འདི་ཡིས་ཁྱོད་ཉིད་བདག་སོགས་ཐམས་ཅད་ལ།།
གཅིག་ཏུ་བརྩེ་བའི་ཐུགས་རྗེ་དེ་ཡིས་བརྒྱ་ཡི་ཆར་ཡང་ག་ལ་འོས།།
དེ་ཡི་ཕྱིར་ན་འདི་དང་ཕྱི་མ་སྲིད་དང་ཞི་བ་གང་དུ་ཡང་།།
ཁྱོད་ཉིད་ཁོ་ན་སྐྱབས་སུ་འཛིན་ཅིང་བཀའ་ལས་ནམ་ཡང་འདའ་མི་འགྱུར།།
མགོན་པོ་གང་ཡང་བདག་སྙིང་པད་མོར་གཡོ་མེད་བསྐལ་བརྒྱར་བརྟན་བཞུགས་ནས།།
མཆོག་དང་ཐུན་མོང་དངོས་གྲུབ་བདུད་རྩི་ཆར་པའི་ཟོལ་གྱིས་སྙིལ་བར་མཛོད།།
ཚིམ་པ་མེད་པའི་འདོད་རྔམ་དྲག་པོས་ཁོ་ར་ཁོར་ཡུག་ཀུན་ནས་བཤིགས།།
འཁོན་དང་སྡང་བས་ཡུལ་དང་སྡེ་བཅས་མི་བཟད་འཇིགས་རུང་གཡུལ་དུ་བསྒྱུར།།
ཤེས་ལྡན་ཕལ་ཆེར་རེ་བ་ཟད་ནས་ཁྱོད་ལ་ཐལ་མོ་སྦྱར་ལགས་ན།།
འཇིག་རྟེན་མགོན་པོ་སྐུ་ཚེ་རྡོ་རྗེ་སྲིད་པའི་མཐའ་དང་མཉམ་པར་ཤོག།
སྲིད་ལ་དབང་དག་ཐོབ་ཀྱི་ཆེད་དུ་ལྷིང་འཇགས་ཁོར་ཡུག་ཡོངས་སུ་གཏོར།།
འཁོན་ནད་འཆབ་པའི་ཐལ་འཚུབ་སྟུག་པོས་ཀུན་གྱི་མིག་དབང་ལོང་དུ་བསྒྱུར།།
རིགས་ཞེན་ཅན་དག་ཡི་ག་ལོག་ཅིང་རེ་བའི་མིག་འབུར་ཟུམ་ཉེ་ན།།
མགོན་པོ་ཁྱོད་ཉིད་སྐུ་ཚེ་བརྟན་ཅིང་ཐུགས་རྗེའི་གཟིགས་པ་མ་ཆུང་རོགས།།
གངས་རིའི་རྒྱབ་ཀྱི་སྤུན་ཟླ་འབུམ་ཕྲག་དད་པའི་རྨུ་ཐག་མ་ལྷོད་ཅིང་།།
གང་ཁྱོད་མཇལ་བའི་རེ་བ་ཁོ་ནས་ལུས་ཟུངས་འཚོ་བ་རྣམས་དག་དང་།།
ལྷན་དུ་འཛོམས་པའི་སྐལ་བཟང་ཉིན་མོ་ནམ་ཞིག་འཆར་བར་འགྱུར་རོ་ཞེས།།
བདག་ནི་མཚན་མོའི་རྨི་ལམ་དུ་ཡང་འདི་ཡིས་གཏོང་བར་གྱུར་མ་ལགས།།
གང་ཁྱོད་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་རྗེས་རྟག་ཏུ་གཟིགས་ཤིག་ཅེས།།
བུ་ཡིས་མ་དང་ནད་པས་སྨན་པར་ཇི་ལྟར་རེ་ལྟོས་བཅའ་བ་བཞིན།།
བདག་སོགས་རྣམས་ཀྱང་ཉིན་མཚན་ཀུན་ཏུ་བསམ་རྒྱུ་སྒོམ་རྒྱུ་ཁྱོད་ལགས་ན།།
མགོན་པོ་གང་གི་ཐུགས་རྗེའི་གྲིབ་བསིལ་ནམ་ཡང་སྤྱི་བོར་རེག་གྱུར་ཅིག།
ཞེས་ ༢༠༢༡ ལོའི་ཟླ་བ་ ༠༧ ཚེས་ ༠༦ ཉིན་གྱི་༸རྒྱལ་བའི་འཁྲུངས་སྐར་སྲུང་རྩི་ཞུ་སླད། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་འཕགས་བསྟོད་བཀླགས་རྗེས། དེང་སྐབས་ཀྱི་ཟིང་ཆ་རྣམས་ཞི་སླད་དུ་བདག་གིས་ཀྱང་རྒྱལ་དབང་མཆོག་ལ་གསོལ་འདེབས་ཤིག་བྲིས་ན་དགོས་པ་ཆེ་སྙམ་ནས། རང་ཤག་ནས་ཟླ་བ་ ༠༧ ཚེས་ ༠༥ ཉིན་གྱི་སྔ་དྲོར་བྲིས་སོ།།
_____________________________
࿑ དཔལ་ལྡན་བླ་མ་དམ་པའི་ཡོན་ཏན་ལ་ཆ་ཙམ་བསྔགས་པ་བསྟོད་ཚིགས་སྤྲིན་གྱི་རོལ་མོ་རྣམ་པར་གཡོ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
ཨ་འདུས་སྐལ་བཟང་རྒྱ་མཚོ། བལ་ཡུལ།
དག་པ་རབ་འབྱམས་ཞིང་གི་ཕུན་ཚོགས་ལ།།
མ་ཆགས་གངས་ཅན་འགྲོ་བའི་དཔུང་གཉེན་དུ།།
ལེགས་བྱོན་ཕྱག་ན་པད་དཀར་འཛིན་པའི་སྡེའི།།
ཞབས་ཟུང་ཚེ་རབས་ཕྲེང་བའི་རྒྱན་དུ་ལེན།།
མགོན་ཁྱོད་གདོད་ནས་འོད་གསལ་ཞི་དབྱིངས་ཀྱི།།
ལྷུན་གྲུབ་ཆོས་སྐུའི་རོ་ལ་མངོན་སྤྱོད་པའི།།
ཚད་མེད་ཡོན་ཏན་ཡིད་ལ་དྲན་ཐེངས་རེར།།
དད་གསུམ་རྒྱ་མཚོའི་འདབ་མ་དྲག་ཏུ་གཡོ།།
སྔོན་ཚེ་པོ་ཏ་ལ་ཡི་ཞིང་ཁམས་ནས།།
སྲིད་འདིའི་སྐྱེ་འགྲོའི་ངང་ཚུལ་ལ་གཟིགས་ཚེ།།
སྙིང་རྗེའི་སྤྱན་ཆབ་ཤོར་བའི་རྣམ་ཐར་ལ།།
བསམ་བཞིན་དད་པའི་མཆི་མ་དབང་མེད་བཞུར།།
རྒྱ་བོད་གྲུབ་མཐའི་ཆུ་ཀླུང་འབུམ་བརྒལ་ཏེ།།
མན་ངག་དབྱིག་གི་ནོར་བུའི་རྒྱན་སྤྲས་ཚེ།།
མན་ངག་དབྱིག་གི་ནོར་བུའི་རྒྱན་སྤྲས་ཚེ།།
སྲིད་ན་མངོན་པར་མཐོ་བ་ཀུན་གྱི་ཡིད།།
ཁྱོད་ཀྱི་ལེགས་བཤད་འཚོལ་ལ་བྲེལ་བར་གྱུར།།
མཚམས་སྤྲིན་མདངས་ཀྱི་མཛེས་སྡུག་ལས་བཏོན་པའི།།
དམར་སེར་ངུར་སྨྲིག་གོས་ཀྱི་ན་བཟའ་ཡིས།།
ལེགས་པར་སྤུད་པའི་ཁྱོད་སྐུའི་གཟི་བྱིན་ནི།།
ཉི་མ་སྟོང་གི་ཟོལ་གྱིས་རྒྱུ་བར་བྱེད།།
དེ་ཚེ་དམ་ཆོས་རྩིབས་སྟོང་འཁོར་ལོ་ཆེ།།
ཤར་ནུབ་འཛིན་མའི་རྒྱན་དུ་བསྐོར་བ་ན།།
རྣམ་འདྲེན་བཞི་བའི་བདེན་བཞི་སྟོན་ནོ་ཞེས།།
མཁར་ཉལ་ཚོགས་ཀྱང་ཕྱོགས་དེར་རྒྱུ་བར་རྩོམ།།
དེང་འདིར་གྲགས་སྙན་འབྲུག་སྟོང་ལྡིར་བའི་སྒྲས།།
འཛམ་གླིང་འཛིན་མའི་གོ་ལ་སྒུལ་བྱེད་པའི།།
གསེར་གྱི་གཟེངས་རྟགས་ཉི་གཞོན་འབུམ་གྱི་འོད།།
ཁྱོད་སྐུའི་རྒྱན་དུ་ཤར་བ་ཅི་ཡང་མཛེས།།
དེ་ཚེ་འབྱམས་ཀླས་གསེར་ལྡན་ཡངས་པའི་ཁྱོན།།
ཁྱོད་ཀྱི་འཕྲིན་ལས་བསིལ་བའི་ཟེར་བརྒྱ་ཡིས།།
ཀུན་ནས་སྤུད་པའི་ཕུན་ཚོགས་དགའ་སྟོན་དུ།།
དུས་གསུམ་རྒྱལ་བའི་ཤིས་བརྗོད་མེ་ཏོག་འཐོར།།
གཞན་ཡང་དཀར་ཕྱོགས་ནམ་མཁའི་གླང་བོའི་ཁྱུ།།
ཚད་མེད་སྤྲོ་དགའི་ཤུགས་ཀྱིས་རྒྱུད་བསྐུལ་ཏེ།།
ཡི་རང་སྦྲང་ཆར་མུ་ཏིག་ཚོམ་བུ་ཡིས།།
གླིང་འདིར་དགེ་བཅུའི་འབྲས་བཟང་རྒྱས་བར་བྱས།།
ཁྱད་པར་དབྱིག་ལྡན་དགའ་མའི་ལྟོར་འཚོ་བའི།།
གཟུར་གནས་འགྲོ་རྣམས་བདེ་བས་རབ་ཚིམས་ཏེ།།
ཁྱོད་ཀྱི་གསང་གསུམ་མཆོད་པའི་ལེགས་བྱས་ཀྱིས།།
རྫོགས་ལྡན་དུས་ཀྱི་དཔལ་ཡང་དམན་སར་འགོད།།
ཁྱད་པར་ཐུགས་རྗེའི་ཉིན་མོར་བྱེད་པ་ཡིས།།
རིས་མེད་ཆོས་ཀྱི་པད་ཚལ་ལེགས་བསྐྱངས་ཚེ།།
དཔྱོད་ལྡན་སྦྲང་རྩིའི་བུ་རྣམས་རབ་དགྱེས་ཏེ།།
བསྟོད་དབྱངས་སྙན་པའི་མགྲིན་རྔ་ཅི་ཡང་རྡུང༌།།
ཚོགས་གཉིས་ཎ་ཀྲའི་གྲོང་ཁྱེར་ལས་བྱུང་བའི།།
ཁྱོད་ཞལ་བསིལ་སྦྱིན་མཁན་པོའི་གཟི་འོད་ཀྱིས།།
གླིང་བདུན་འགྲོ་བའི་དད་གུས་ས་མུས་ཚལ།།
ཀུན་ནས་སྤེལ་བའི་ཚུལ་དེར་སུ་ཡིས་འགྲན།།
གདོད་ནས་སྣང་སྟོང་ལྟ་བར་རབ་གོམས་ཤིང༌།།
ཀུན་ཁྱབ་སྙིང་རྗེའི་གཏེར་ལ་དབང་འབྱོར་བས།།
སྲིད་འདིར་བློ་མིག་ལྡོང་བའི་སྐྱེ་འགྲོ་རྣམས།།
རྟེན་འབྲེལ་སྙིང་བོའི་དོན་ལ་གཞོལ་བར་བྱས།།
མཐའ་ཀླས་ཐུགས་རྗེའི་ཆུ་གཏེར་ཀློང་ཡངས་པོར།།
ལེགས་གཏམས་ཕྱིན་དྲུག་དགོས་འདོད་ནོར་བུའི་ཟེར།།
ཀུན་རྨོངས་སྙིང་གི་དུཿཁ་གཞོམ་པའི་སླད།།
སྤྲོས་པའི་གཏམ་གྱི་རོལ་མོས་ས་གསུམ་འགེངས།།
ལྷར་བཅས་འགྲོ་བའི་བསོད་ནམས་དབྱིག་ལྡན་མར།།
བརྗིད་ཆགས་སྐུ་ཡི་ལྷུན་པོ་རྟག་བརྟན་ཚེ།།
མཚན་དཔེའི་བང་རིམ་རེ་རེའི་གཟི་བྱིན་གྱིས།།
ལུས་མེད་ཚོགས་ཀྱི་སྙིང་མུན་སྲེག་པར་བྱེད།།
ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་མས་ལེགས་དྲངས་པའི།།
ཞི་བདེའི་ལྟ་གྲུབ་གསེར་གྱི་མེ་བོ་ཆེ།།
ཟབ་ཡངས་གླིང་བཞིའི་མཁའ་མཐར་བསྲིངས་པ་ན།།
ཀླ་ཀློ་འབྱུང་བྱའི་ཁྱུ་ཚོགས་ཀུ་ཅོ་འདོན།།
འོན་ཀྱང་རྣམ་དཀར་ཐུགས་ཀྱི་ཟླ་བ་དེ།།
གཞན་ཕན་བསིལ་བའི་ཟེར་དང་མི་འབྲལ་བས།།
འཚེ་མེད་འོད་ཀྱིས་སྲུང་བའི་རྣམ་ཐར་གྱིས།།
ཉན་རང་ཚོགས་ཀྱིས་ཁེངས་པ་བསྙིལ་བར་བྱས།།
ཁྱད་པར་ཟབ་བརླིང་ཤེས་བྱའི་སྒོ་མོ་འབུམ།།
འབྱེད་མཛད་ཁྱོད་ཐུགས་གསལ་བར་མཚོན་པའི་ཕྱིར།།
སྣ་ཚོགས་རིན་ཆེན་ལས་གྲུབ་ལྡེ་མིག་བརྒྱ།།
བྱིན་པའི་གཏམ་གྱིས་བློ་ལྡན་དགའ་བ་བསྐྱེད།།
འཕགས་ཡུལ་ཏི་སིའི་རི་བོ་ལས་བྱུང་བའི།།
གངས་ལྗོངས་གྲུབ་མཐའི་དལ་འབབ་རྣམ་པ་བཞི།།
འགྲེལ་བྱེད་ཚིག་གི་ལྦུ་བ་ཐ་དད་ཀྱང༌།།
ཁྱོད་ཐུགས་ཆུ་གཏེར་ཀློང་དུ་རོ་གཅིག་གྱུར།།
དེ་ལྟའི་དགེ་མཚན་རི་མོ་འབུམ་བཀྲ་བ།།
ཁྱོད་ཀྱི་འཕྲིན་ལས་པུར་གྱིས་ལེགས་བྲིས་ཚེ།།
གངས་ལྗོངས་འགྲོ་བའི་བྱུང་རབས་གསར་བའི་ངོགས།།
སྔོན་མེད་དགེ་བའི་གཟུགས་བརྙན་གསལ་བར་གྱུར།།
མདོར་ན་ཆོས་སྲིད་གསེར་གྱི་ཤིང་རྟ་ཆེ།།
ཐུགས་རྗེའི་མགྱོགས་འགྲོ་བདུན་གྱིས་དྲངས་བ་ན།།
ཐུབ་བསྟན་སྣང་བྱེད་གཞོན་ནུའི་གཟི་མདངས་ཀྱིས།།
འཛིན་མའི་ཁྱོན་ཀུན་ཞི་བདེས་ཁྱབ་པར་བྱས།།
དེ་ལྟར་གསང་གསུམ་རྒྱ་མཚོའི་ཀློང་ཡངས་ནས།།
དད་གསུམ་འདབ་རྩེས་ཟེགས་མ་ཙམ་བླངས་ཏེ།།
སྟོང་གསུམ་ཁྱོན་དུ་སྤེལ་བའི་དགེ་ཚོགས་ཀྱིས།།
དཔལ་ལྡན་བླ་མའི་ཞབས་དང་འབྲལ་མེད་ཤོག།
ཅེས་པའང་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ྋགོང་ས་ལྷ་མའི་རྣམ་འདྲེན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། རྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོའི་ལུགས་གཉིས་ཀྱི་བཀའ་དྲིན་རྒྱ་མཚོ་ལྟ་བུ་ཡིད་ལ་དྲན་བཞིན་དུ། སློབ་འབངས་ཐ་ཤལ་བ་ཨ་འདུས་སྐལ་བཟང་རྒྱ་མཚོས་རྩེ་གཅིག་ཏུ་སྨོན་པ་དགེའོ།།
_____________________________
༈ ལྗང་མདོག་གི་ལྷ་སྲས་མི་ཡུལ་དུ་བལྟམས་པའི་དུས་ཚིགས་ཀྱི་ཀློང་ནས་ཁོང་གི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་དྲི་མེད་ཀྱི་ལྷ་དར་དཀར་པོ།
སྡེ་དགེ་སྐལ་བཟང་། སེ་ར་བྱེས།
དུས་ཀྱི་ཀློང་ནས་ཆེས་ཆེར་འབར་བའི་འཛམ་གླིང་ཞི་བདེའི་འགྲོ་བའི་མགོན།།
རིས་མེད་གཙུག་གི་རྒྱན་དུ་གྱུར་བའི་ཉེར་གཅིག་སྟོན་པ་ཆེན་པོ་ལགས།།
ཕྱི་ལུགས་དགུང་གྲངས་གྱ་དྲུག་ཕེབས་པའི་སྐལ་བཟང་དུས་ཀྱི་དགའ་སྟོན་ལ།།
སློབ་ཚོགས་འབུམ་གྱིས་དུང་བ་བརྒྱ་དང་སྙན་པ་ངག་གིས་བསུ་མ་ཞུ།།
རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་འདུས་ཡེ་ཤེས་གཟུགས་སུ་སྤྲུལ་བའི་གར།།
རིགས་མཛོད་དཔའ་བོའི་ཞི་བདེའི་སྦྲང་ཆར་ས་གསུམ་ཀུན་ལ་སྤེལ་མཛད་པོ།།
ཤེས་བྱ་མ་ལུས་ཁོངས་སུ་ཆུད་མཛད་སྙན་པའི་བ་དན་དགུང་ནས་གཡོ།།
ལྟ་བའི་མིག་དང་ཁོག་པའི་སྙིང་དེ་སྐྱབས་གཅིག་རྩ་བའི་བླ་མ་ལགས།།
མཚམས་སྤྲིན་བཞུད་པའི་བྱང་ཕྱོགས་དེ་ནས་སྲོག་གི་ཀ་བ་འཛུམ་གྱིས་འཁྲུངས།།
མགོ་ནག་བོད་འདི་རྒྱ་མཚོའི་གོས་ཅན་ཧྲིལ་པོ་ཆེན་པོའི་ཡལ་འདྲེན་ཞིང་།།
ནང་དོན་རིག་པའི་གྱོན་ཆས་གསོན་པོ་ཤར་ནུབ་ཚོམས་སུ་སྐྲུན་མཛད་ནས།།
ཆོས་ཀྱི་ཉིང་ཁུ་དཀར་ནག་དབྱེ་མེད་བདུད་རྩི་ལྟར་བུ་སྦྱིན་མཛད་རྒྱལ།།
འགྲོ་བའི་དེད་དཔོན་ཨ་སྔོན་དབྱིངས་ནས་ཆར་བའི་དུས་ཀྱི་བཟང་པོ་ལ།།
ཁ་བའི་གཡོགས་པའི་སུན་རྩེན་ལྷ་ཡུལ་བདེ་བའི་ཞིང་དུ་བསྒྱུར་ཉིན་པ།།
མགོན་པོ་ཁྱེད་ཉིད་ངེད་ཅག་མགོན་དུ་བྱོན་པའི་ལས་ཀྱི་འབྲས་ཟུང་ཀློང་།།
དྲི་མེད་ལྷ་དར་མཁའ་དབྱིངས་དཀྱིལ་ནས་སྒྲོལ་མཛད་ཞི་བདེའི་དཔལ་ལ་རོལ།།
སྲིད་པ་གསུམ་ན་བྱམས་བརྩེའི་བདག་ཉིད་ཅེས་བྱ་ཡོངས་སུ་མཚན་གྲགས་པའི།།
༸རྒྱལ་བ་ཁྱེད་ཉིད་རྨོངས་པའི་ལྷོ་ཡུལ་ཁམས་འདིར་འགྲོ་དོན་མཛད་མཁས་པ།།
འབུར་དུ་དོན་པའི་སངས་རྒྱས་ཁྱེད་ཉིད་ཁ་བའི་ཁྲོད་ནས་ལྷང་ལྷང་འཚེར།།
ཁྱེད་ཀྱི་དགུང་གྲངས་གྱ་དྲུག་ཕེབས་པའི་མཚར་སྡུག་ཉི་མའི་གཟི་འོད་འཕྱུར།།
_____________________________
༈ འཁྲུངས་སྐར་ལེགས་སྐྱེས།
ཚུལ་ཁྲིམས་རྒྱ་མཚོ། སེ་ར་སྨད།
འགྲོ་བ་ཡོངས་ལ་ཉེ་རིང་མེད་པར་འོད་སྣང་སྦྱིན་པའི་ཉི་མ་ལགས།།
ཆོས་ལུགས་ཡོངས་ལ་གུས་ཞབས་བྱས་ཏེ་མཐུན་སྒྲིལ་སྐྲུན་པའི་བྱེད་པོ་ལགས།།
བོད་མི་ཡོངས་ལ་གསེར་གྱི་ལམ་སྟོན་ཕ་ལྟར་གནང་བའི་བླ་མ་ལགས།།
ཉིད་ཀྱི་འཁྲུངས་སྐར་ཚེས་བཟང་འདི་ལ་ལེགས་སྐྱེས་འདི་དག་བཞེས་སུ་གསོལ།།
གཞན་དོན་ཅུང་ཟད་བསྒྲུབས་པར་བྱས་ནས་བྱུང་བའི་དགེ་བའི་མེ་ཏོག་དང་།།
གཞན་གྱིས་གནོད་པ་བྱེད་པའི་སྐབས་སུ་བཟོད་པའི་འཛུམ་གྱི་མེ་ཏོག་སྟེ།།
གཞན་དོན་རྒྱ་མཚོ་བསྒྲུབ་པར་མཛད་ལ་སྐྱེས་པའི་ཡི་རང་མེ་ཏོག་སོགས།།
གཞན་གྱིས་གནོད་པ་ཅི་ཙམ་བྱས་ཀྱང་སྙིང་རྗེ་སྒོམ་པའི་ཁྱོད་ལ་འབུལ།།
སྲོག་གཅོད་ལ་སོགས་སྤོང་བར་བྱེད་པའི་ཙན་དན་ཤིང་གི་དྲི་བཟང་དང་།།
སྦྱིན་པ་ལ་སོགས་སྒྲུབ་པར་བྱེད་པའི་རྒྱུག་ཆུ་གཙང་མའི་རང་མདངས་ཏེ།།
མེ་ཏོག་ལ་སོགས་འབུལ་བར་བྱེད་པའི་སེམས་ཀྱི་ཁ་བཏགས་དཀར་པོ་སོགས།།
བོད་མི་ལ་སོགས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དཀོན་མཆོག་ཁྱོད་ལ་འབུལ།།
རྒྱལ་བའི་གསུང་རབ་ཐོས་པ་ལས་བྱུང་མུན་པ་སེལ་བའི་མཆོད་མེ་དང་།།
རྒྱལ་བའི་དགོངས་དོན་བསམ་པ་ལས་བྱུང་དཔག་བསམ་ཤིང་གི་འབྲས་བུ་སྟེ།།
རྒྱལ་བའི་བསྟན་པ་སྒོམ་པ་ལས་བྱུང་ཡིད་བཞིན་དབང་གི་ནོར་བུ་སོགས།།
རྒྱལ་བ་གཉིས་པ་བདག་གི་བླ་མ་བསྟན་འཛིན་རྒྱ་མཚོ་ཁྱོད་ལ་འབུལ།།
ལྷད་མེད་ལྷག་བསམ་སྔོན་དུ་བཏང་ནས་གཞུང་དོན་འཆད་པའི་སྐད་ངག་དང་།།
བརྩོན་འགྲུས་རྟ་ཕོ་བཞོན་པར་བྱས་ནས་གཞུང་དོན་རྩོད་པའི་ཆོས་སྒྲ་སྟེ།།
གཞན་ཕན་ཀུན་སློང་སྙིང་ལ་བཅངས་ནས་གཞུང་དོན་འགྲེལ་བའི་རྩོམ་ཡིག་སོགས།།
འཆད་རྩོད་རྩོམ་ལ་འགྲན་ཟླ་བྲལ་བའི་མཁས་པའི་གཙུག་རྒྱུན་ཁྱོད་ལ་འབུལ།།
ཕ་སྐད་མ་ཡིག་སྲོག་ལྟར་མཐོང་ནས་བྲིས་པའི་བོད་ཀྱི་རྩོམ་ཡིག་དང་།།
སངས་རྒྱས་བསྟན་པ་སྤྱིའི་ནོར་བསྒོམས་ནས་བརྩོན་པའི་དགེ་བའི་ལོ་ཏོག་སྟེ།
དེང་དུས་ཚན་རིག་སྨན་དུ་བལྟས་ནས་སྦྱངས་པའི་གྲུབ་འབྲས་ཡིད་འོང་སོགས།།
གནའ་དེང་རིག་གནས་ཀུན་ལ་མཁས་པའི་བདག་གི་བླ་མ་ཁྱོད་ལ་འབུལ།།
རྒན་པ་རྣམས་ལ་གུས་ཞབས་བྱས་པས་གདོང་ལ་བཞད་པའི་མེ་ཏོག་དང་།།
བར་པ་རྣམས་ལ་བརྩེ་བ་བཅངས་པས་སེམས་ལས་བྱུང་བའི་སྦྲང་རྩི་སྟེ།།
གཞོན་པ་རྣམས་ལ་བྱམས་པོ་བྱས་པས་སྙིང་ལས་བྱུང་བའི་བུ་རམ་སོགས།།
ཡ་རབས་བཟང་སྤྱོད་འདོམས་པར་མཛད་པའི་དྲིན་ཆེན་བླ་མ་ཁྱོད་ལ་འབུལ།།
ཉི་ཟླ་སྐར་གསུམ་ཧ་ཅང་མཛེས་ཀྱང་བདག་གིས་བླངས་ནས་ཕུལ་མ་ནུས།།
གསེར་དངུལ་ཟངས་གསུམ་ཤིན་ཏུ་མང་ཡང་བདག་གིས་ཉོས་ནས་ཕུལ་མ་ཐུབ།།
སློབ་བུ་བདག་གིས་འབུལ་བར་ནུས་པའི་འཁྲུངས་སྐར་ལེགས་སྐྱེས་འདི་དག་ཡིན།།
ལེགས་སྐྱེས་འདི་དག་ཉིད་ཀྱིས་བཞེས་ནས་དགྱེས་ཚོར་ཆེན་པོ་སྐྱེ་བར་ཤོག།
ཅེས་པ་འདི་ནི་སྐུའི་འཁྲུངས་སྐར་ཉིན་མོར་རང་ཉིད་ཀྱིས་རྩ་བའི་བླ་མར་འཁྲུངས་སྐར་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་མིན་ལེགས་པར་བསམས་ནས་ཕྱི་ལོ་ ༢༠༢༡ ལོར་བྲིས་པའོ།།
_____________________________
ཉི་མ་སེར་པོ།
ཨ་མའི་གཅེས་ཕྲུག སྲད་རྒྱུད་གྲྭ་ཚང་། སི་ལི་གུ་རི།
མཐོ་སྒང་གངས་རིའི་རྩེ་ནས་ཤར་བའི་གཟི་འོད་སྟོང་ལྡན་ཉིན་བྱེད་དེ།།
གངས་ཅན་ཡུལ་གྱི་གཟི་བརྗིད་ཡིན་ཞིང་གངས་ཅན་ཡུལ་ནས་རྒྱལ་ཁམས་བསྐྱོད།།
འགྲོ་ཀུན་སྡུག་བསྔལ་ཐུགས་རྗེའི་སྤྱན་གཟིགས་ལྷད་མེད་བྱམས་བརྩེས་སྐྱོང་བ་དང་།།
ཉམ་ཐག་སྐྱེ་དགུའི་ཡིད་དབང་འཕྲོགས་པས་འགྲོ་བའི་སྐྱབས་གནས་མགོན་པོར་བསྔགས།།
ཁྱེད་ཉིད་གངས་རིའི་མངའ་བདག་ཡིན་ཞིང་ནང་པའི་བསྟན་འཛིན་སྐྱེས་བུ་མཆོག།
ཁྱེད་ཉིད་གང་ཕེབས་མཁས་ཀུན་འདུས་ཤིང་དད་ལྡན་ཁྲི་མ་འབུམ་གྱིས་བསྐོར།།
ཁྱེད་ཉིད་མཐོ་སྒང་ཉི་མ་སེར་པོ་རྒྱལ་མཚན་ཏོག་ལྟར་མངོན་པར་འཕགས།།
ཁྱེད་ཉིད་འགྲོ་དོན་ལྷུན་གྱིས་མཛད་དབང་འགྲོ་བའི་ཡིད་མཚོར་དད་རླབས་འཕྱུར།།
གངས་རིའི་ཉི་མའི་འོད་སྟོང་གཟེགས་མས་མུན་པའི་ཁུང་བུའི་གྲིབ་ནག་གཏོར།།
གངས་རིའི་ཉི་མའི་བརྗིད་ཉམས་དེ་ཡིས་ལོག་འཛིན་དུ་མ་ཟིལ་གྱིས་མནན།།
གངས་རིའི་ཉི་མ་རྒྱལ་བའི་དབང་པོ་སྲིད་པའི་ཁམས་འདིར་འགྲན་ཟླ་དབེན།།
གངས་རིའི་ཉི་མ་རྟག་ཏུ་རྒྱལ་གྱུར་འཛམ་གླིང་ཞི་བདེའི་གནས་སུ་སྐྱོངས།།
འཛམ་གླིང་ཉི་མའི་སྐུ་གཟུགས་གཞོམ་གཞིག་དང་བྲལ་མཚན་དཔེའི་དཔལ་དུ་འབར།།
འཛམ་གླིང་ཉི་མའི་གསུང་སྐད་འགག་མེད་ལྷོ་མོན་ཁུ་བྱུག་གདངས་ལ་འགྲན།།
འཛམ་གླིང་ཉི་མའི་ཐུགས་གཤིས་རབ་ཡངས་བྱམས་སྙིང་བརྩེ་བས་རབ་ཏུ་བརླན།།
འཛམ་གླིང་ཉི་མ་གངས་ཅན་མགོན་པོ་ཞི་བདེའི་དེད་དཔོན་འཁྲུལ་མེད་དོ།།
ཉི་མ་སེར་པོ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མི་མཇེད་རྒྱལ།།
ཉི་མ་སེར་པོ་ཡིད་བཞིན་ནོར་བུ་གདོང་དམར་སྙིང་གི་བླ་སྲོག་སྟེ།།
ཉི་མ་སེར་པོ་མགོ་ནག་བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག།
ཉི་མ་སེར་པོ་གངས་རིའི་ལྗོངས་སུ་རྟག་ཏུ་འཆར་ཤོག་རྒྱལ་གྱུར་ཅིག།
ཞི་བདེའི་ཉི་མ་གླིང་འདིར་འཁྲུངས་ནས་བདུན་པའི་ཚེས་གྲངས་དྲུག་ལ་ནི།།
དགུང་གྲངས་གྱ་དྲུག་ཕེབས་པའི་དགའ་བསུའི་རྟེན་འབྲེལ་བཀྲ་ཤིས་ཁ་གཡང་འབོད།།
འཛམ་གླིང་ཕྱོགས་མཐའ་བར་གསུམ་འཐོར་བའི་བོད་མི་བགྲེས་གཞོན་ཆུང་གསུམ་དག།
དགའ་སྐྱིད་དཔལ་རོལ་བདེ་སྐྱིད་ཉི་མ་འཆར་བའི་གླུ་དབྱངས་ལེན་པའི་དུས།།
ཉི་མའི་གཟི་མདངས་བསིལ་ལྡན་ལྗོངས་ནས་མཐའ་བའི་ཡུལ་གྲུར་ཁྱབ་རྒྱུར་ཅིག།
ཉི་མའི་འགྱིང་ཉམས་བོད་མིའི་སྙིང་སྟོབས་མི་ཕྱེད་བྲག་བཞིན་གནས་གྱུར་ཅིག །
ཉི་མའི་རང་མདངས་སྙིང་རྗིའི་རང་བཞིན་གཉོམ་གདུང་བདག་ཅག་རྗེས་སུ་ཟུངས།།
ཉི་མ་སེར་པོ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་སྨོན་ལམ་སྙིང་ནས་འདེབས།།
ཞེས་པ་འདི་ ༢༠༢༡/༠༧/༠༥ ཉིན་རང་ཤག་ནས་མགྱོགས་བྲིས་བགྱིས། ༠༧/༠༦ ཉིན་སྐུའི་འཁྲུངས་སྐར་བསུ་བ་དང་སྦྲགས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུས།
_____________________________
འཁྲུངས་སྐར་བསུ།
སྨན་པ་ངག་དབང་རབ་སྒྲོན། ལྕགས་པོ་རི།
འཛམ་གླིང་ཡངས་པའི་ཞིང་ཁམས་ཆེན་པོ་ན།།
ཉི་ཟླ་འདྲ་བའི་གངས་ཅན་མགོན་པོ་འཁྲུངས།།
དུས་རབས་ཟང་ཟིང་འུར་བའི་འཛམ་གླིང་ན།།
ཞི་བདེའི་ལམ་སྟོན་གངས་ཅན་མགོན་པོ་མཆོག།
གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ལ།།
ཞྭ་མོ་ཕུད་ནས་ཕྱག་གསུམ་འཚལ་ན་བསམ།།
དེ་འཚལ་ན་བསམས་ཏེ་འཚལ་རྒྱུ་བྱུང་།།
ལུས་སྒྲིབ་པ་དག་ནས་བསང་བསང་རེད།།
བོད་ཁ་བའི་སྐྱབས་གནས་མགོན་པོ་མཆོག།
གནས་ས་མཐར་ཡོང་ནས་མཇལ་ན་བསམ།།
དེ་མཇལ་ན་བསམས་ཏེ་མཇལ་རྒྱུ་བྱུང་།།
སེམས་བསམས་པའི་དོན་སྒྲུབ་སྐལ་བ་བཟང་།།
གནས་ས་མཐའི་ཕྱོགས་ཀྱི་བདེ་སྐྱིད་འདི།།
དྲིན་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།།
ཁྱེད་མེད་ན་གངས་ཕྲུག་བདག་མེད་ཡིན།།
དེ་བསམ་བཞིན་བསམ་བཞིན་བཀའ་བཞིན་སྒྲུབ།།
མགོན་ཁྱེད་ཀྱི་བཀའ་དགོངས་མ་བསྒྲུབ་ན།།
གནས་ས་མཐར་ཡོང་བ་དོན་མེད་རེད།།
མགོན་ཁྱེད་ཀྱི་བཀའ་དགོངས་མ་བསྒྲུབ་ན།།
ངའི་ཕ་མའི་རེ་སྨོན་སྟོང་ཟད་འགྲོ།།
དུས་ནམ་ཡང་འདི་ཚོ་མི་རྗེད་བར།།
མགོན་ཁྱེད་ཀྱི་བཀའ་གསུང་གང་ནུས་འགྲུབ།།
དུས་བཟང་པོ་ཁ་བའི་ཉི་མ་ལ།།
དྲིན་བླ་མ་ཁྱེད་ཀྱི་འཁྲུངས་སྐར་བསུ།།
ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
མགོན་ཁྱེད་ཀྱི་བཞེད་དོན་ལྷུན་འགྲུབ་ཤོག།
སྨན་པའི་མིང་ཙམ་འཛིན་པ་རབ་སྒྲོན་ནས་ ༢༠༢༡/༠༧/༠༥ བཟང་པོར་བྲིས་པར་དགེའོ།།
འདིར་ངེད་དྲྭ་བས་ད་ལམ་རྒྱལ་བའི་འཁྲུངས་སྐར་ཉིན་མོར་ཕྱོགས་མཐའ་ཁག་གི་མཁས་དབང་རྩོམ་པ་པོ་དང་སྨྱུག་ཐོགས་པ་རྣམ་པས་བརྩམས་པར་མཛད་པའི་སྙན་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད་པ་འདིས་རྒྱལ་བ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་ཕྲིན་བླ་ལྷག་ཏུ་རྒྱས་པ་དང་འགྲོ་ཁམས་ཡོངས་སུ་ཞི་བདེའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པའི་སྨོན་འདུན་གྲངས་མེད་ཞུའོ།།









No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།