རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 7 July 2021

མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་། [ཚན་པ་གསུམ་པ།]

༈ ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། བཀྲ་ཤིས་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དམིགས་ཏེ་བརྩམས་པར་མཛད་པའི། སྙན་རྩོམ་ཕྱོགས་བསྒྲིགས་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་ལས། སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པའི་སྙན་རྩོམ་ཁག

༡. འཁྲུངས་སྐར་བསུ་བ།
པད་བཀོད་བསྟན་འཛིན་ལེགས་གྲུབ། ལོ་རིམ་དགུ་པ།

གང་གི་ཡོན་ཏན་ཆུ་གཏེར་ཆེན་པོ་ནི།།
མིང་ཚིག་ལམ་ནས་འཇལ་བའི་གནས་མིན་ཕྱིར།།
གང་ཞིག་དེ་ཡི་ལམ་དུ་བཞུགས་པ་ནི།།
བྱིས་པའི་བློ་སྟེ་དོན་མེད་ངལ་བའི་རྒྱུ།།

འོན་ཀྱང་དད་པའི་ས་བོན་མ་སྟོང་ཙམ།།
གང་གི་རྣམ་ཐར་གངྒཱའི་ཆུ་རྒྱུན་ལས།།
ཐིགས་པ་ཙམ་ཞིག་འདི་རུ་གླེང་བ་ནི།།
བདག་གི་གུས་པ་མཚོན་ཕྱིར་འབུལ་ལགས་ན།།

མཚན་དཔེའི་རང་བཞིན་རྫོགས་པ་ཁྱེད་ཀྱི་སྐུ།།
དམ་ཆོས་རང་བཞིན་ལྡན་པ་ཉིད་ཀྱི་གསུང་།།
རྣམ་པ་ཐམས་ཅད་མཁྱེན་པ་གང་གི་ཐུགས།།
སངས་རྒྱས་སྐུ་དངོས་ཡིད་བཞིན་ནོར་བུར་བསྟོད།།

ཀུན་ལ་དགའ་བ་སྟེར་བའི་འཛུམ་ཞལ་ཅན།།
འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་སྤྱི་བོའི་ནོར།།
འཇིག་རྟེན་དབང་ཕྱུག་མི་ཡི་གཟུགས་འཛིན་པ།།
སྟོན་པ་ཏཱ་ལའི་བླ་མས་ཤིས་པ་སྩོལ།།

འགྲོ་ལ་རྗེས་ཆགས་ཕྱག་ན་པད་དཀར་ཅན།།
བོད་འབངས་བསོད་ནམས་རླུང་གིས་ཉེར་བསྐུལ་ཏེ།།
འགྲོ་དོན་ཉི་མ་གླིང་འདིའི་མཁར་ཤར་བ།།
གླིང་འདིའི་སེམས་ཅན་སྐལ་པ་བཟང་བཟང་རེད།།

ཐུབ་པའི་བསྟན་པ་ཏི་སེའི་གངས་རི་ལས།།
བརྒྱུད་པའི་ཆོས་བརྒྱུད་ཆུ་བོ་ཆེན་པོ་བཞི།།
ཕྱོགས་ཞེན་འདམ་གྱིས་རབ་ཏུ་རྙོག་པ་ཀུན།།
ལེགས་བགྲུངས་ཀེ་ཏ་ཀ་དེ་ཁྱེད་མིན་སུ།།

འཛམ་གླིང་ཡོངས་ཀྱི་ཕན་བདེ་འབྱུང་བའི་གནས།།  
བསྟན་འཛིན་རྒྱ་མཚ་བསྟན་འཛིན་བྱེ་བའི་ཏོག། 
འགྲོ་བའི་བསོད་ནམས་དཔལ་ལས་གཡོ་མེད་དུ།།
མི་འཇིགས་སེང་གེའི་ཁྲི་ལ་ཞབས་བརྟན་གསོལ།།

བརྡ་སྤྲོད་དམན་པ་བྱིས་པའི་སྡེབ་སྦྱོར་གྱིས།།
ལེགས་བརྒྱན་དཎྜིའི་ཁེངས་པ་འཕྲོག་མིན་ཡང་།།
དད་པའི་སོར་རྩེ་ལས་འོངས་སྙན་ཚིག་ཕྲེང་།།
སྤྱན་རས་གཟིགས་དབང་མཉེས་པའི་རྒྱུར་འགྱུར་ཅིག།

༠༦/༠༧/༢༠༢༡

_____________________________


༢. འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།
ཉག་རོང་བསོད་ནམས་འོད་ཟེར། ལོ་རིམ་བདུན་པ།

རྒྱལ་ཀུན་མཁྱེན་པའི་ལྷ་གཅིག།
འཛམ་གླིང་ཞི་བདེའི་སྒྲོན་མེ།།
རྒྱལ་དབང་བསྟན་འཛིན་རྒྱལ་མཚོ།།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།

བསླབ་གསུམ་ནོར་བུའི་མཛོད་འཛིན།།
བྱམས་དང་སྙིང་རྗེའི་མངའ་བདག།
འཕགས་མཆོག་ཡིད་བཞིན་ནོར་བུ།།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།།

ཟླ་བ་འདྲ་བའི་འཛུམ་མདངས།།
འགྲོ་དྲུག་ཡོངས་ལ་ཁྱབ་པ།།
སྟོན་པ་ཏཱ་ལའི་བླ་མ།།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།།

ཚེ་ལ་རང་དབང་ཐོབ་ཅིང་།།
སྐྱབས་མགོན་རྒྱལ་བའི་དབང་པོ།།
འགྲོ་བ་ཡོངས་ཀྱི་དོན་དུ།།
མི་འགྱུར་རྟག་བརྟན་བཞུགས་རོགས།།

ཉག་སྦྲང་ཆར་ནས་། ༢༠༢༡།༠༧།༠༦།

_____________________________


༣. འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།
དོལ་པོ་བཀྲ་ཤིས་དཔལ་འབྱོར། ལོ་རིམ་དྲུག་པ།

གངས་དཀར་ཇོ་མོའི་གླང་མའི།།
དབུ་འཕང་དགུང་ལ་རེག་ནས།།
གྲགས་པ་འཇིག་རྟེན་ཁེངས་འདི།།
ཁྱེད་ཀྱི་མཚན་སྙན་འདྲ་བྱུང་།།

གཏིང་ཟབ་མ་ཕམ་གཡུ་མཚོ།།
ལྷད་མེད་གཙང་ཆབ་བསིལ་མ།།
ཀུན་ཕན་ཡན་ལག་བརྒྱད་ལྡན།།
ཁྱེད་ཀྱི་ཐུགས་རྒྱུད་འདྲ་བྱུང་།།

ངོ་མཚར་ཁ་འབབ་རྣམ་བཞི།།
རྒྱ་བོད་ཡུལ་ལུང་དབྱེར་མེད།།
ཤར་ནུབ་ཕྱོགས་དུས་ཆ་མེད།།
ཁྱེད་ཀྱི་མཛད་འཕྲིན་འདྲ་བྱུང་།།

རྫ་དང་གཡའ་བྲག་ཁྲོད་དུ།།
གྲང་ངར་སྤུ་གྲི་བཟོད་པའི།།
དར་མ་བྲེ་སེར་འབྲོང་དེ།།
ཁྱེད་ཀྱི་རང་ཚུགས་འདྲ་བྱུང་།།

འཛམ་གླིང་ཞི་བདེའི་རྒྱལ་པོ།།
ཤར་གླིང་གངས་ཅན་མགོན་པོ།།
འདི་ཕྱིའི་སྐྱབས་གནས་ཆེན་པོ།།
བསྐལ་པ་རྒྱ་མཚོར་བཞུགས་གསོལ།།

_____________________________


༤. འཛམ་གླིང་གི་སྨན་གཅིག་པུ།
མངའ་རིས་ངག་དབང་བློ་གྲོས། ལོ་རིམ་དྲུག་པ།

ཀ་མ་ལ་ལྟར་སྐྱོན་གྱིས་མ་སྦགས་ཤིང་།།
ཁ་བའི་འགྲོ་བ་སྤྱི་དང་བྱེ་བྲག་ཏུ།།
ག་ཤེད་འཛམ་གླིང་ཡིད་ཅན་སྨན་གཅིག་པུ།།
ང་དང་ཁྱེད་ཀྱི་སྤྱི་ནོར་༧གོང་ས་མཆོག།

ཅ་ཟིང་དུས་ཀྱི་རྦ་རླབས་འཕྱུར་བའི་སྐབས།།
ཆ་ལུགས་མཉམ་བཞག་ངང་དུ་མ་བཞུགས་པར།།
ཇ་ཐུན་རིང་ལའང་བསྟན་དོན་ཐུགས་བརྣག་སྟེ།།
ཉ་ལྟར་འཁྱུང་ཅིང་རྒྱ་གར་ཡུལ་དུ་ཕེབས།།

ཏཱ་ལའི་བླ་མའི་མཚན་དང་སྙན་གྲགས་འདི།།
ཐ་གྲུ་འཛམ་བུ་གླིང་དུ་མ་བསྒྲགས་གྲགས།།
ད་དུང་ཀུན་ལ་མེད་པའི་དབུ་མའི་ལམ།།
ན་ནིང་དམངས་ལ་གསོལ་རས་ཚུལ་དུ་སྩལ།།

པ་ཏྲའི་རི་མོ་འཁྱིལ་བའི་བྱང་ཆུབ་སེམས།།
ཕ་ཡུལ་སྤུན་མཆེད་ཕྱོགས་སུ་མ་ཕྱེས་ཤིང་།།
བ་བེའུ་ཡན་ལ་བྱམས་དང་བརྩེ་བས་སྙོབ།།
མ་རིག་སྨག་ལ་ཡེ་ཤེས་སྒྲོན་མེ་འདེགས།།

ཙ་རི་ལྗོངས་ནས་གྲོགས་མེད་ཁེར་རྐྱང་དུ།།
ཚ་བའིི་རྒྱ་གར་ཡུལ་དུ་བརྟོལ་ན་ཡང་།།
ཛ་ལང་རྒྱ་དམར་མ་གཏོགས་འཛམ་གླིང་ཀུན།།
ཝ་ལེར་མཛའ་བཅུགས་ཡིད་རྟོན་གྲོགས་སུ་གྱུར།།

ཞྭ་མོ་དམར་སེར་དགྲ་རུ་མ་བལྟས་ཤིང་།།
ཟ་ཚང་གཅིག་ལྟར་འཆམ་མཐུན་བྱེད་དགོས་ཞེས།།
འ་ཅག་ཆོས་ལུགས་ཀུན་ལ་ཕྱག་ཟུང་གིས།།
ཡ་མཚན་ཆེན་པོས་གུས་ཞབས་ཐལ་མོ་སྦྱོར།།

ར་བ་གངས་རིས་བསྐོར་བའི་བོད་པ་དང་།།
ལ་ལུང་ཆེ་ཆུང་མཁས་བླུན་བར་གསུམ་ལ།།
ཤ་ཚ་སྙིང་གཏམ་འཇོ་ནས་ལམ་སྟོན་མཁན།
ས་ཐོབ་རྒྱལ་སྲས་བསྟན་འཛིན་རྒྱ་མཚོ་ཙམ།།

ཧ་ཅང་དད་དང་མོས་གུས་ཆེན་པོའི་ངང་།།
ཨ་མདོ་སྟག་མཚེར་ལྷ་མོ་དོན་གྲུབ་གང་།།
གང་གི་སྲས་སུ་སྐུ་རུ་བལྟམས་ནས་བཟུང་།།
དགུང་གྲངས་རྒྱ་དྲུག་འཁོར་བའི་འཁྲུངས་སྐར་བསུ།།

དཀར་དཀར་གངས་རི་ལྗོངས་ཀྱི།།
བརྩེ་བརྩེ་སྤྱན་རས་གཟིགས་དབང་།།
གདུང་གདུང་འགྲོ་བའི་མགོན་དུ།།
ལྷང་ལྷང་ནམ་ཡང་བཞུགས་རོགས།།

དེ་རིང་སྟེ་ ༠༦/༠༧/༢༠༢༡ ༸གོང་ས་མཆོག་སྐུ་ཡི་འཁྲུངས་སྐར་ཉིན་ཁྱུང་པིར་ནས་ཐད་ཀར་སྤེལ།།

_____________________________

༥. གོང་ས་མཆོག
ཉག་རོང་དྲི་མེད་ཚེ་རིང་། ལོ་རིམ་ལྔ་པ།

དྲི་མ་མེད་པའི་ནམ་མཁའ་སྔོན་པོ།།
ས་གཞི་མཛེས་བྱེད་མེ་ཏོག་དྲི་ཞིམ།།
སྐོམ་པ་སེལ་བའི་དྭངས་གཙང་ཆུ་བོ།།
མཚན་མོའི་མུན་པ་སེལ་བའི་སྒྲོན་མེ།།

སྐུ་གཟུགས་གསེར་གྱི་ཉི་མའི་འོད་ཟེར།།
ཐུགས་རྗེའི་འོད་སྣང་བཅོ་ལྔའི་ཟླ་བ།།
འཁོར་གྱི་སློབ་མ་སྐར་ཚོགས་ཁྲ་མོ།།
ཁྱོད་ནི་འགྲོ་དྲུག་འདྲེན་པའི་བླ་མ།།

ཕ་མ་མེད་པའི་དྭ་ཕྲུག་ང་ཚོ།།
བརྩེ་བས་བསྐྱངས་པའི་དྲིན་ཆེན་ཨ་མ།།
ཁྱེད་ཉིད་དགུང་ལོ་གྱ་དྲུག་ཕེབས་པ།།
སྐུ་ཡི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།།

ཁྲོཾ་ཉག་ཚེ་རིང་གིས་ ༢༠༢༡/༠༧/༠༦ ཉིན་ལ་བྲིས།


འདིར་ངེད་དྲྭ་བས་ད་ལམ་རྒྱལ་བའི་འཁྲུངས་སྐར་ཉིན་མོར་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པར་མཛད་པའི་སྙན་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད་པ་འདིས་རྒྱལ་བ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་ཕྲིན་བླ་ལྷག་ཏུ་རྒྱས་པ་དང་འགྲོ་ཁམས་ཡོངས་སུ་ཞི་བདེའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པའི་སྨོན་འདུན་གྲངས་མེད་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།