རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 6 July 2021

མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་། [ཚན་པ་གཉིས་པ།]

༈ ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། བཀྲ་ཤིས་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དམིགས་ཏེ་བརྩམས་པར་མཛད་པའི། སྙན་རྩོམ་ཕྱོགས་བསྒྲིགས་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་ལས། སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པའི་སྙན་རྩོམ་ཁག

༡. ཐུབ་དབང་གཉིས་པའི་འཁྲུངས་སྐར་བསུ།
མཁན་པོ་ཚེ་རིང་འགྱུར་མེད།


སྐུ་ཡི་མཚན་དཔེ་སྟག་འཚེར་ཡུལ་དུ་བཞད།།
གསུང་གི་བདུད་རྩི་གོ་ལའི་ཁྱོན་ལ་མཛེས།།
ཐུགས་ཀྱི་བྱམས་བརྩེས་འཛམ་གླིང་ཞི་བདེ་བསྐྲུན།།
ཐུབ་དབང་གཉིས་པའི་ཞབས་ལ་གུས་པས་འདུད།།

མདོ་ཁམས་ས་སྒང་ཡངས་པའི་ཆར་གཏོགས་ལ།།
བསོད་ནམས་ལས་འཕྲོ་ཅན་གྱི་ཕ་མ་ཡི།།
རིགས་སུ་འཁྲུངས་པའི་སྙིང་རྗེའི་དབང་ཕྱུག་གི།
སྐུ་ཡི་མཚན་དཔེ་བཞད་པའི་འཁྲུངས་སྐར་བསུ།།

འཛམ་གླིང་གོ་ལའི་ཁྱོན་གྱི་སྐྱེ་འགྲོ་ལ།།
དུས་དང་མཐུན་པའི་གསུང་གི་བདུད་རྩི་ཡིས།།
ཞི་བདེའི་དར་ཆ་མཁའ་རུ་སྒྲེང་མཛད་པའི།།
ཞི་བདེའི་སློབ་དཔོན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

རིགས་དང་རུས་ལ་མཐོ་དམན་ཁྱད་མེད་དུ།།
མཉམ་པོར་ལྟ་བའི་བྱམས་བརྩེའི་ལྟ་གྲུབ་ཅིག།
ལམ་བཟང་གསར་དུ་འདྲེན་པའི་དེད་དཔོན་མཆོག།
འཇིག་རྟེན་ཁམས་སུ་བྱོན་པའི་འཁྲུངས་སྐར་བསུ།།

མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ཆེན་པོ་ཡི།།
ཚིག་དང་དོན་གྱི་དཀའ་བའི་གནད་དག་ལ།།
ངག་ལ་དབང་འབྱོར་འཆད་ལ་ཐོགས་མེད་པའི།།
སྨྲ་བའི་དབང་ཕྱུག་ཆེན་པོའི་འཁྲུངས་སྐར་བསུ།།

ལྟ་གྲུབ་འདྲ་མིན་སྨྲ་བའི་སློབ་དཔོན་དང༌།།
ཕན་ཚུན་གུས་པའི་སྒོ་ནས་བགྲོ་གླེང་གིས།།
ལེགས་པའི་ཆ་དག་དང་དུ་ལེན་མཛད་པ།།
གུ་ཡངས་ལྟ་གྲུབ་སྨྲ་བའི་འཁྲུངས་སྐར་བསུ།།

མགོན་ཁྱེད་དགུང་གྲངས་བརྒྱ་དང་བཅུ་གསུམ་བར།།
བཞུགས་པའི་ལུང་དང་རྟེན་འབྲེལ་བཟང་པོ་ཡོད།།
ངེད་ཅག་གངས་ཅན་མགོ་ནག་བོད་མི་ཚོས།།
སྐུ་ཚེ་བརྟན་པའི་སྨོན་ལམ་ཡང་ཡང་འདེབས།།

འཁྱམ་པོ་རེ་ལྗོངས་ཆོས་སྨྲ་ནས།

_____________________________

༢. ལྷ་བྱ་དཀར་པོ།
སློབ་དཔོན་ཚུལ་ཁྲིམས་ནོར་བུ།


འཛུམ་རླབས་ཆེ་བའི་འོད་ཟེར་རེ་རེ་ཉི་ཟླ་གཉིས་ཀྱི་ཚད་དང་མཉམ།།
གསེར་འོད་འཕྲོ་བའི་མཛད་པ་རེ་རེ་གསེར་གྱི་ཟ་མ་ཏོག་དང་མཚུངས།།
རྒྱ་མཚོ་བཞིན་དུ་གཡོ་བ་མེད་པའི་ཐུགས་རྗེའི་འཇུག་པ་བསམ་མི་ཁྱབ།།
མུན་པའི་དཀྱིལ་ན་གཟིམ་པ་མེད་པའི་ང་ཡི་ཚེ་འབར་ཀོང་བུ་ཁྱེད།།

འཇིག་རྟེན་ཀུན་ན་དཀྲོལ་མྱོང་མེད་པའི་གྲགས་པ་དཀར་པོས་ས་གསུམ་སྣོན།།
ལྷ་ཆེན་ཚངས་པས་བྱས་པ་མེད་པའི་བདུད་རྩིའི་མཚོ་ཆེན་ཞལ་ནས་བསྟབས།།
གངས་ཀྱི་རི་བོའི་མཛེས་པ་ཁུར་བའི་བྱིན་རླབས་རྒྱ་མཚོའི་ཀློང་ལ་བསྡོངས།།
བསྐལ་པའི་མཐར་ཡང་ཞི་བདེར་འབོད་པའི་ང་ཡི་ལྷ་བྱ་དཀར་པོ་ཁྱེད།།

སྟོན་པ་སེར་པོའི་གཟི་མདངས་སྐྱོར་བའི་བླ་གོས་འོད་ཀྱི་གླེགས་བམ་ཅན།།
ཚན་སྨྲ་སྟོང་དང་གདན་ཐོག་གཅིག་པའི་རིག་པ་གསར་བའི་གཤོག་རྩལ་ཅན།།
ཤར་ནུབ་མེད་པའི་མི་ཕོ་གཙིགས་ཆེན་མཆོད་པའི་སྤྲིན་གྱི་ལྡིང་ཁང་ཅན།།
ཟླ་ཤེལ་སྟོང་གིས་མཚུངས་པ་མེད་པའི་ང་ཡི་གཙུག་གི་ཟླ་དཀར་ཁྱེད།།

ཉི་ཟླའི་གདན་གྱིས་བཀྱག་པ་མེད་པའི་ཞབས་པད་སྲིད་པའི་རྩེ་ལ་བཞག།
དགྲ་ལ་སྡང་བ་གཏན་དུ་མེད་པར་མཚོན་ཡང་བརྩེ་བའི་ཕྱག་གིས་བཀག།
གསེར་གྱི་རླིད་བུ་སྟོང་གིས་བླུས་པའི་ཕ་ཆོས་རིགས་པའི་འཕྲུལ་གྱིས་སྒྲུབ།།
ལྷ་ལས་ལྷག་པའི་མཛད་པ་མྱུར་བའི་ང་ཡི་གཏན་གྱི་མགོན་པོ་ཁྱེད།།

ལྷོད་པ་མེད་པར་འདུད་པའི་ཕྱག་རྒྱ་མེ་ཏོག་ཟོལ་གྱིས་ཡི་གར་འོང་།།
བཞད་སྒྲ་རེ་རེ་སྒྲ་སྙན་ཇི་བཞིན་འདིས་ཀྱང་འགྲོ་རྣམས་བདེ་ལ་བཀོད།།
སྐད་ཅིག་ཙམ་ཡང་འགྲིབ་པ་མེད་པའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཅན།།
དབུ་སྐྲ་དཀར་པོའི་འོད་ཟེར་འབབ་པའི་ང་ཡི་སེམས་ཀྱི་ཡབ་ཆེན་ཁྱེད།།

ག་བུར་སྨན་གྱི་དྲི་བཟང་ཐུལ་བའི་ནབ་བཟའ་སེར་པོས་ས་ཆེན་བཅད།།
ཕྱག་ན་མཚོན་ཆ་ཅི་ཡང་མེད་པར་ཆེ་དགུའི་གཙུག་གི་ཅོད་པན་བསྙིལ།།
བ་སྤུའི་ཚོགས་ཀྱང་ཁོམ་ལོང་མེད་པར་འགྲོ་བའི་དོན་ལ་ད་བར་འགུལ།།
བྱང་སེམས་འཕགས་པ་མི་རུ་འཕྲུལ་པའི་ང་ཡི་གངས་ལྷ་མེ་ཏོག་ཁྱེད།།

པད་ཟླའི་གདན་ལ་ཅུང་ཟད་འགྱིང་བའི་གཙུག་ཏོར་རྣམ་པར་རྒྱལ་མ་དང་།།
བཅུ་དྲུག་ལང་ཚོས་མངོན་པར་སྒེག་པའི་ལྷ་མོ་སྒྲོལ་མ་དཀར་མོ་བཅས།།
དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ།།
བླ་མེད་བླ་མ་གཞོམ་གཞིག་དང་བྲལ་བསྐལ་པའི་བར་དུ་འཚོ་གཞེས་སྩོལ།།

༢༠༢༡/༠༧/༠༦ གངས་སེང་དཀར་མོས་སོ།།

_____________________________

༣. འཛམ་གླིང་ཞི་བདེའི་ཕོ་ཉ་ཁྱེད་ཉིད་ཡིན།
སློབ་དཔོན་ཚེ་དགའ་དབང་རྒྱལ།


ཚིག་རྩུབ་མདའ་མོ་ཚུར་ལ་འཕེན་དུས་སྙན་པའི་ཞི་འཇམ་ཕར་ལ་བསུ།།
མི་འདོད་ཁྲོ་གཉེར་ཚུལ་ལ་སྡང་སྐབས་བྱམས་པའི་འཛུམ་མདངས་ཕར་ལ་གཏད།།
བདག་དང་གཞན་གྱི་ཕྱོགས་ལྷུང་མེད་པ་རྒྱལ་སྲས་དམ་པའི་རང་གཤིས་འདི།།
འགྲོ་བའི་བདེ་སྡུག་ཁོ་ནར་སེམས་པའི་ཤཱཀྱའི་དགེ་སྦྱོང་ཁྱེད་ལ་ལྡན།།

གཏམ་དང་སྙན་གྲགས་ཡོད་ཀྱང་རང་མཐོ་ཡིས་མ་བསླུས།།
ཐོབ་དང་གོ་ས་མངའ་ཡང་ཆེ་འདོད་ཀྱིས་མ་བཅིངས།།
སྲིད་པའི་ཆོས་བརྒྱད་ཕྱོགས་ལ་ཞེན་པ་འདི་ནུབ་པས།།
ངེས་འབྱུང་ཚུལ་ཁྲིམས་བཟང་པོའི་དགེ་སློང་དེ་རྒྱལ་ལོ།།

ཁམས་གསུམ་ནོར་གྱིས་བླུ་ཡང་མི་འགུགས་ཤིང་།།
སྟོབས་ཆེན་དཔོན་པོས་བསྐུལ་ཡང་མི་ཞུམ་པ།།
འགྲོ་དྲུག་གཞན་ཕན་བརྩེ་བས་རྒྱུན་བསྡམས་པས།།
འཇིག་རྟེན་འདྲེན་པའི་དེད་དཔོན་ཁྱེད་ལ་བསྟོད།།

བྱམས་པའི་ཕྱག་གཉིས་ཐལ་མོ་སྦྱར་ནས།།
སྐྱེ་འགྲོ་གྲངས་མང་བདེ་ལ་བཀོད་དུས།།
རིས་མེད་ཆོས་ལུགས་ཀུན་གྱིས་བདག་པོས།།
ཁྱེད་ལ་དད་འདུན་ཡིད་དགའ་བསུ་སོང་།།

མཁས་པའི་ནང་གི་མཁས་མཆོག་དང་།།
བཙུན་པའི་ནང་གི་ཡང་བཙུན་ཏེ།།
བཟང་པོའི་གཞན་དོན་ལྷུར་ལེན་པ།།
ངེས་དོན་བྱང་ཆུབ་ཁྱེད་ལ་རྫོགས།།

འཇིག་རྟེན་མཛེས་པར་བྱེད་མཁན།།
འགྲོ་བའི་མུན་པ་སེལ་མཁན།།
ཡིད་མུག་སྡུག་བསྔལ་བཅོམ་མཁན།།
གོང་ས་ཡིད་བཞིན་ནོར་བུ།།

_____________________________

༤. གང་སྐུའི་འཁྲུངས་སྐར་བསུ། 
སློབ་དཔོན་འཆི་མེད་རྡོ་རྗེ།

ངུར་སྨྲིག་མདངས་ཀྱིས་མཛེས་པའི་སྐུ་མཆོག་ལ།། 
ལེགས་ཉེས་འདོམས་པའི་གསུང་སྙན་ཚངས་པའི་དབྱངས།། 
སྤངས་རྟོགས་ནོར་གྱིས་གཏམས་པའི་ཐུགས་རྗེའི་གཏེར།། 
རབ་འབྱམས་རྒྱལ་བའི་དབང་པོ་ཁྱེད་ལ་འདུད།།

མདོ་སྔགས་གཞུང་བཟང་སྨྲ་བའི་མཁྱེན་རབ་ལས།། 
ལེགས་བཤད་སྦྲང་རྩིའི་བཅུད་ཀྱིས་ཉེར་དྲངས་ཚེ།། 
སྐལ་ལྡན་བུང་བའི་ཚོགས་རྣམས་ཡིད་ཚིམ་ངང་།། 
ཅི་དགར་རོལ་བའི་དགའ་སྟོན་འབུམ་གྱིས་བསུ།།

སྙིང་རྗེའི་རང་གཟུགས་རྟག་ཏུ་འཛུམ་ཞལ་ཅན།། 
སྟོང་ཉིད་གཏམ་གྱིས་འགྲོ་བའི་ལོག་རྟོག་འཇོམས།། 
བྱམས་པའི་སེམས་ཀྱིས་འཛམ་གླིང་ཞི་བདེ་སྐྲུན།། 
སྙིགས་མའི་དུས་འདིར་རླབས་ཆེན་ཁྱེད་མིན་སུ།།

ཆོས་ལུགས་འདྲ་མིན་ཁྲོད་ཀྱི་སྐར་ཆེན་ཁྱེད།། 
གཅིག་ཏུ་སྒྲིལ་བའི་ཀུན་ཕན་ཐུགས་བཞེད་ཅན།། 
རིས་མེད་གདུལ་བྱའི་རེ་བ་སྐོང་བའི་ནོར།། 
ཡོངས་ཀྱི་དགེ་བའི་བཤེས་གཉེན་ཁྱེད་ཁོ་ན།།

བསིལ་ལྡན་ལྗོངས་ཀྱི་མགོན་སྐྱབས་ཡིད་བཞིན་ནོར།། 
འཛམ་བུ་གླིང་གི་སྤྱི་ནོར་བཻཌཱུརྱ།། 
སྲིད་གསུམ་ཁྱོན་ན་ལྡིར་བའི་གྲགས་སྙན་ཅན།། 
སྙིགས་མའི་དུས་ཀྱི་ལམ་སྟོན་སྒྲོན་མེ་ཡིན།།

ནག་ཕྱོགས་ཀླ་ཀློའི་དཔུང་གིས་ཐོ་བཙམས་ཀྱང་།། 
ཞུམ་པར་མི་ནུས་ཤཱཀྱའི་རྒྱལ་སྲས་ཁྱེད།། 
དམག་དཔུང་མེད་པའི་མཚོན་ཆ་བྱང་སེམས་ཀྱིས།། 
གཉིས་ཕན་ལམ་བཟང་བསྟན་པས་ཟིལ་གྱིས་མནན།།

བཀྲ་ཤིས་འཁྲུངས་སྐར་ཚེས་པའི་དུས་བཟང་འདིར།། 
བདེ་ལེགས་གཡང་གི་མཆོད་པ་དཔག་མེད་སྤྲོས།། 
ཕུན་སུམ་ཚོགས་པའི་དགའ་སྟོན་རྟེན་འབྲེལ་ལ།། 
སྐལ་བཟང་ང་ཚོ་རབ་དགའི་གླུ་དབྱངས་སྒྲོག།

ས་ལྒང་འདི་རུ་འཁྲུངས་སྐར་མང་བསུ་ཡང་།། 
རྟག་ཏུ་བསམ་པ་བཟང་པོའི་བསླབ་བྱ་དང་།། 
ཁོང་ཁྲོའི་མེ་ལྕེ་གསོད་པའི་སྐུལ་སློང་དེ།། 
ཐུན་མིན་གང་གི་འཚམས་འདྲིའི་ཞུ་ལན་ཉིད།།

བསྟན་པ་འཛིན་པའི་སྐྱེས་ཆེན་གང་ཉིད་ཐུགས།། 
རྒྱ་ཆེན་མཚོ་མོའི་གཏིང་ལྟར་དཔོག་དཀའ་ན།། 
སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་གྱུར་ཏེ།། 
རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མྱུར་འགྲུབ་ཤོག།

མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་ཁྱེད།། 
ཁྱད་པར་གངས་ཅན་བསྟན་སྲིད་རབ་དགོངས་ཏེ།། 
ཆེར་སྙིགས་མུན་སེལ་འོད་སྣང་འབུམ་བཀྱེས་ནས།། 
འཛམ་གླིང་ཞི་བདེའི་སྣང་བ་རྒྱས་པར་མཛོད།།

     ཅེས་གང་སྐུའི་འཁྲུངས་སྐར་ཉིན་གུས་རྨོངས་གཞན་ཕན་ཟླ་བའམ་འཆི་མེད་རྡོ་རྗེ་ནས། ༢༠༢༡/༠༧/༠༦

_____________________________

༥. སྐུའི་འཁྲུངས་སྐར་བསུ། 
སློབ་དཔོན་པདྨ་ནོར་བུ།


གངས་ལྗོངས་ཆོས་ལྡན་ཞིང་གི་ལྷ་སྐལ་རྗེ།།
ཉེར་གཅིག་སྟོན་དང་བསྟན་པའི་རྒྱལ་ཚབ་རྗེ།།
རིས་མེད་ཡོངས་ཀྱི་དབུ་ཁྲིད་གོང་ས་རྗེ།།
ཀུན་གྱི་རྗེ་བོ་ཁྱེད་ཀྱི་འཁྲུངས་སྐར་བསུ།།

སྐུ་ལ་ཆོས་གོས་གསུམ་གྱི་སེར་ལྟེམ་ལྟེམ།།
ངག་ལ་སྡེ་སྣོད་གསུམ་ཀྱི་སྒྲ་དིར་དིར།།
ཐུགས་ལ་བསླབ་པ་གསུམ་གྱི་དྲི་འཐུལ་འཐུལ།།
བསླབ་ལྡན་དགེ་སྦྱོང་ཁྱེད་ཀྱི་འཁྲུངས་སྐར་བསུ།།

ཉིན་མཚན་དུས་དྲུག་བསྟན་དང་འགྲོ་བའི་དོན།།
ཐེག་ཆེན་ལམ་བཟང་སྨོན་འཇུག་རྩིས་ཟིན་ཏེ།།
ཐུབ་པའི་ཆོས་འཁོར་ཕྱོགས་ཀུན་བསྒྲེངས་མཛད་པོ།།
བསྟན་པའི་མཛེས་རྒྱན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བཅུ་བཞི་བར།།
བཤད་སྒྲུབ་ལས་གསུམ་བསྐྱངས་པའི་རྣམ་ཐར་ལ།།
སུས་ཀྱང་འགྲན་མི་ནུས་པ་ཁྱེད་ཁོ་ན།།
ཀུན་གྱི་གཙུག་རྒྱན་ཁྱེད་ཀྱི་འཁྲུངས་སྐར་བསུ།།

རང་གི་ཆོས་ལ་ལྟ་མཁྲེགས་མི་མཛད་ཅིང་།།
ཧིན་དྷུ་ཁ་ཆེ་ཡེ་ཤུ་ལ་སོགས་པ།།
ཆོས་ལུགས་ཀུན་ལ་མཛའ་བརྩེ་དག་སྣང་གིས།།
བཀུར་མཛད་ཐབས་མཁས་རྗེ་ཡི་འཁྲུངས་སྐར་བསུ།།

རྒྱལ་བསྟན་རིན་ཆེན་ནོར་བུ་སྲ་བརྟན་དང་།།
ཁྱད་པར་གངས་ཅན་བོད་ཀྱི་བདེན་མཐའ་ལ།།
རེ་ས་ཡིད་བཞིན་ནོར་བུ་ཁྱེད་ཉིད་དེ།།
མེད་ཐབས་མེད་པ་ཁྱེད་ཀྱི་འཁྲུངས་སྐར་བསུ།།

འཇིག་རྟེན་དཀོན་མཆོག་ཡིད་བཞིན་ནོར་བུ་ཁྱེད།།
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཉམས་ཤིང་།།
སློབ་བུ་དད་ལྡན་གྲངས་ཚོའི་རེ་འདོད་ལྟར།།
ཐུགས་དགོངས་མ་རྫོགས་བར་དུ་སྐུ་ཚེ་བརྟན།།

     ཞེས་ཚིག་གི་སྙན་འཇེབས་དང་སྡེབ་སྦྱོར་སོགས་དམན་ནའང་། སེམས་བཟང་དགེ་བའི་ཀུན་སློང་ཞིག་གིས་ཀུན་ནས་བླངས་ཏེ། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དུས་བཟང་གི་ཉིན་འདིར། མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཅིང་། ཐུགས་དགོངས་ཡོངས་སུ་རྫོགས་པའི་ཕྱིར། མ་ཎི་ཡིག་དྲུག་གྲངས་ ༣༠༠༠/- ཐམ་པ་བཅས་འཁྲུངས་སྐར་མཆོད་སྤྲིན་གྱི་ཚུལ་དུ་ཕུལ་བ་དགེ་ལེགས་འཕེལ།


འདིར་ངེད་དྲྭ་བས་ད་ལམ་རྒྱལ་བའི་འཁྲུངས་སྐར་ཉིན་མོར་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པར་མཛད་པའི་སྙན་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད་པ་འདིས་རྒྱལ་བ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་ཕྲིན་བླ་ལྷག་ཏུ་རྒྱས་པ་དང་འགྲོ་ཁམས་ཡོངས་སུ་ཞི་བདེའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པའི་སྨོན་འདུན་གྲངས་མེད་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།