༈ ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། བཀྲ་ཤིས་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དམིགས་ཏེ་བརྩམས་པར་མཛད་པའི། སྙན་རྩོམ་ཕྱོགས་བསྒྲིགས་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་ལས། སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པའི་སྙན་རྩོམ་ཁག
༡. ཉི་འོད་འཆར་སྟངས་དེར་ལྟོས་དང་།
དོལ་པོ་ཤེས་རབ་རྒྱལ་མཚན། ལོ་རིམ་བདུན་པ།
ལྟོས་དང་།
མགོ་བོ་ཡར་ཁྱོགས་ལ།
ཉི་འོད་འཕྲོས་པའི་གཟི་མདངས་ལས།
གངས་རིའི་བཞིན་མདངས་ལ་འཛུམ་ཤ་ལྷུག་པོར་གྲོལ་ཞིང་།
དྭངས་གཙང་གི་ནམ་མཁའ་ལ་མཛེས་སྡུག་དམིགས་བསལ་དོད།
དེ་བཞིན། ནོར་འཛིན་སྒེག་མོའི་པང་ཁུད་ན་ཡང་།
དགའ་སྤྲོ་ཡི་མེ་ཏོག་སྣ་ཚོགས་བཞད་བྱུང་།
ཨེ་མ། དེ་ནི་ཅི་འདྲའི་ངོ་མཚར་བ་ལ་ཨང་།
ཡང་བསྐྱར་ལྟོས་དང་།
ཉི་འོད་དེས།
ང་ཚོའི་ཕྱིའི་སྐྱི་ལྤགས་ནས་རིམ་བཞིན་དྲོས་འོངས་ཏེ།
ནང་གི་རུས་རྐང་ཡང་དྲོན་མོར་བཏང་བ་མ་ཟད།
རུས་རྐང་ནང་ལོགས་ཀྱི་ཡང་ནང་ལོགས་ཀྱི།
བསྐལ་བའི་མེས་ཀྱང་ཞུ་མ་ཐུབ་པའི་འཁྱགས་རོམ་འདི་དག
མར་ཁུ་བཞིན་ཞམ་ཞམ་དུ་ཞུ་སྟེ།
མགོ་བོའི་རྩེ་གཙུག་ནས་རྐང་ཐིལ་གྱི་རྩ་བ་བར།
ཡོད་ཚད་དྲོ་ཁོལ་གྱིས་ཁྱབ་ནས།
བདེ་འཇམ་མེར་བཏང་སོང་།
དེ་དག་ནི་ཉི་མའི་དཀྱིལ་འཁོར་ལ་གཤིས་སུ་གྲུབ་པའི་ཆོས་ཉིད་ཅིག་སྟེ།
འདི་ལྟར་ནམ་ཡང་ནུབ་པ་མི་སྲིད་པར།
རྟག་པ་རྒྱུན་གྱི་འཁོར་ལོར་ཤར་ཤར་ངང་ཡོད་པས།
འུ་ཚོས་ཉི་འོད་འཆར་སྟངས་དེར་ནམ་ཡང་བལྟས་བལྟས་ཁར་སྡོད་དང་།
ནམ་ཡང་། ནམ་ཡང་།
རྟག་པ་རྒྱུན་གྱི་འཁོར་ལོར།
_______________________________________
༢. ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསུ།
དོལ་པོ་འཆི་མེད་རྡོ་རྗེ། ལོ་རིམ་དྲུག་པ།
དྭངས་གསལ་གྱི་ཨ་སྔོན།།
སྤྲིན་དཀར་གྱི་ལེབ་མོ།
བྱིའུ་ཆུང་གི་གསུང་སྙན།
ཉམས་སྣང་གི་མགུར་གླུ།
ཨ་ཧོ།
བསིལ་དྲོད་སྙོམ་པའི་གནམ་གཤིས།
འོད་དཀར་ཅན་གྱི་བསིལ་ཟེར།
སྔོ་ཞིང་དྭངས་པའི་ཆུ་མོ།
གཞན་ཡང་།
ཡིད་འོང་དཔལ་དུ་ཕྱུག་པའི་མཐའ་སྐོར་གྱི་གངས་རི།
རི་མགོ་མཐོན་པོའི་རང་བྱུང་གི་མཁའ་རླུང་གཙང་ཞིང་།
ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི།
རིན་ཆེན་སྣ་ལྔ་ལས་འགྲུབ་པའི་རྒྱལ་བའི་དཀྱིལ་འཁོར།
ཕོ་བྲང་ཞལ་ཡས་ཁང་གི་མཛེས་བཀོད།
གསེར་མདོག་གི་རྒྱ་ཕིབས།
ལྟོས་དང་།
ཆོས་དད་ཆེ་བའི་ཕོ་མོ་རྣམས་ཀྱིས་ངག་ནས་མ་ཎི་སྒྲ་ལྡིར་ལྡིར་དུ་སྒྲོག་བཞིན།
འོད་ཀྱི་ཐིག་ལེ་ནི་དྭངས་གཙང་གི་གཟི་འོད།
རླུང་ཁམས་བསིལ་པོ་གྲང་ཤུར་ཤུར།
ཡིད་འོང་གི་ཞལ་རས་ཁྲ་ལྡེམ་ལྡེམ།
ཆོས་ཚིག་གི་སྒྲ་གསལ་ཞིང་སྙན་འཇེབས་ལྡན་ལ།
ཆོས་དུང་གི་གླུ་དབྱངས་ནི་དྲི་ཟའི་གླུ།
ཚངས་དབྱངས་དྲུག་ཅུའི་གདངས་དང་ལྡན་ཞིང་།
མཆོད་པའི་ལྷ་མོས་གར་འཁྲབ་ཅིང་དགྱེས་པའི་འཛུམ་མདངས་ཤིག་ཤིག
གཡས་གཡོན་གྱི་ཁུ་བྱུག་དང་འཇོལ་མོ་སོགས་དགའ་གུས་ཀྱི་དཔལ་ལ་རོལ་ཞིང་།
འདི་ནི་བཅོས་མིན་གྱི་གཞལ་ཡས་ཁང་།
ཡིད་དབང་ལྷག་པར་དུ་འཕྲོག་པའི་ལྷ་ཡུལ་གཉིས་པ།
གཙང་ཞིང་བསིལ་རླུང་འཇམ་པའི་གནས་འདིར།
གཟི་བརྗིད་འོད་འབུམ་མཁའ་ལ་འཕྲོས་ཤིང་།
མི་འཇིགས་པའི་སྤོབས་པ་མངོན་པར་མཐོ་བ།
ཞུམ་པ་མེད་པའི་དཔའ་བོ།
མཚན་བཟང་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུ་ལུས།
འཇམ་ཞིང་ཡིད་འོང་ལྡན་པའི་ཁྱེད་ཀྱི་གསུང་སྐད།
ཉན་པ་ཙམ་གྱིས་སེམས་ལ་ཞི་བདེའི་་སྣང་བ་རབ་ཏུ་བརྟས་ཤིང་།
འདི་ནི།
གངས་ཅན་བོད་མི་ཡོངས་ཀྱི་སྙིང་དབུས་ཀྱི་ནོར་བུ་བསམ་འཕེལ་དེ་རེད།
འདི་ནི།
དུས་སྙིགས་མ་འདི་ལ་བརྩེ་སེམས་དང་མཁྱེན་རྒྱ་ཆེ་བ།
ཧུར་བརྩོན་གྱི་སྙིང་སྟོབས།
དད་པ་དང་དམ་ཚིག་གི་འོ་ཆུ་གཅིག་ཏུ་བསྒྲིལ་བའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།
སྙིང་རྗེ་དང་ཐུགས་བརྩེ་འགྲོ་ལ་འཆང་ཞིང་།
ཐུགས་སྟོབས་དང་དད་གུས་གྲོགས་སུ་བཅངས་པ།
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དང་།
ཞུམ་པ་མེད་པའི་ཐུགས་རྗེ།
ཉམས་པ་མེད་པའི་ཟིལ་ཤུགས།
འཛད་མཐའ་མེད་པའི་བྱམས་སྐྱོང་།
འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན་ནམ།
རེད་ལགས།
གཞིས་བྱེས་བོད་མི་རྣམས་ཀྱི་སྐྱབས་གནས་ཉག་གཅིག་ཏུ་འགྱུར་བའི་སྐྱེས་མཆོག་དམ་པ་ལགས།
དཔྱིད་གསུམ་མཁའ་ལ་འཆར་བའི་ཟླ་དཀར་ཀྱི་འོད་མདངས།
དབྱར་གསུམ་ས་ནས་སྐྱེས་པའི་རྒྱས་སྲས་ཀྱི་མེ་ཏོག
སྟོན་གསུམ་འབྲས་སྨིན་ལེགས་པའི་དགོས་འདོད་ཀྱི་དཔག་བསམ།
དགུན་གསུམ་གངས་འདབས་སུ་བཞུགས་པའི་གངས་དཀར་ཀྱི་གཡུ་རལ་སྔོན་མོ།
མ་ཟད།
རྟ་བདུན་དབང་པོའི་འོད་ཟེར་ཇི་བཞིན་ཁྱེད་ཀྱི་གཟི་བརྗིད།
ཐུགས་ཁུར་ཆེན་པོས་འགྲོ་ལ་ཁྱབ་པས།
སེམས་ཅན་རྣམས་ཀྱི་མ་རིག་མུན་པ་རྩད་ནས་བཅོམ་པའི་ཆོས་ཀྱི་བདུད་རྩི།
མུན་སེལ་གྱི་སྒྲོན་མེ།
ཡང་དག་པའི་ལམ་སྟོན།
མཐོ་རིས་དང་ཐར་པ་ཐོབ་པའི་ས་བོན་ཞིག
ཁྱེད་ཀྱིས་བསྐྲུན་ཡོད།
རབ་གུས་དང་བ་འདྲེན་པའི་མིག་རྒྱན་དུ་འགྱུར་བའི་ངུར་སྨྲིག་ཆོས་གོས་སྐུ་ལ་མནབས་ནས་གཞན་ཕན་གྱི་ཐུགས་སྟོབས་ཁུར་དུ་བསྣམས་པ་ནི་ཁྱེད་ཀྱི་གཟི་བརྗིད་ཅིག་ལོས་ཀྱང་ཡིན།
རང་དོན་རྒྱང་དུ་དོར་ནས་གཞན་དོན་འབའ་ཞིག་ཏུ་ཐུགས་བསམ་བཞེས་པ་ནི་ཁྱེད་ཀྱི་བླ་མེད་ཀྱི་མཛད་ཕྲིན་ཞིག་ཀྱང་ཡིན་ལགས།
ཀྱེ། སངས་རྒྱས་ཀུན་འདུས་ཀྱི་སྙིང་རྗེའི་རང་གཟུགས་།
འཛམ་གླིང་འདིར་བཀའ་དྲིན་ལྷག་པར་དུ་ཆེ་བ།
གསེར་ཞལ་པད་དཀར་གྱི་མེ་ཏོག
མཇལ་བ་ཙམ་གྱིས་ལུས་ཀྱི་བ་སྤུ་ཟིང་བར་བྱེད་པ།
དམ་ཆོས་སྦྲང་ཆར་བཞིན་དུ་འབེབས་བཞིན་།
སློབ་མ་ཁྲི་མ་འབུམ་གྱི་མངའ་བདག
ཞི་བདེའི་ལྷ་ལམ་དཀར་པོའི་ཆུ་རྒྱུན་རིང་མོ་ཞིག་ཁྱོད་ཀྱིས་བསྟན་པས།
ད་གཟོད་རིག་སྟོབས་ཀྱི་ཚན་རིག་དག་ཀྱང་གུས་གུས་ཞུམ་ཞུམ་ངང་ནས་འཚེ་མེད་ཞི་བའི་ལམ་འདིར་འཇུག་པར་བྱེད་ཅིང་།
ངོ་མ།
ཁྱེད་ནི་མཐུན་སྒྲིལ་གྱི་ལམ་སྟོན་ཞིག་དང་ཐར་པ་དོན་གཉེར་རྣམས་ཀྱི་དེད་དཔོན་ཞིག་ཅི་ལ་མིན།
ངན་སོང་གི་གནས་ནས་མཐོ་རིས་སུ་འདྲེན་པའི་ལམ་མཁན།
ཉམ་ཐག་རྣམས་ཀྱི་དབུལ་ཕོངས་སེལ་བའི་ནོར་ལྷ།
གཞན་ཡང་།
ཁྱེད་ཀྱི་ཐུགས་རྒྱ་ཆེ་ཞིང་སྐུ་སྟོབས་དར་ལ་ཟིལ་ཤུགས་ཆེ།
ཁྱེད་ནི་སྙིགས་མ་ལྔ་བདོའི་འཚེ་མེད་ཞི་བའི་ལམ་མཁན་ཞིག་ཡིན།
ཁྱེད་ནི་ཐུགས་རྒྱུད་དྲང་ཞིང་ཞི་དུལ་གྱི་དཔལ་ཡོན་རྒྱས།
ཁྱེད་ཀྱིས་མ་འོངས་པའི་སློབ་མ་སྟོང་ཚོ་མང་པོ་ལ་འཇིགས་པ་མེད་པའི་མཛད་བཟང་རླབས་པོ་ཆེ་ཞིག་བསྐྲུན།
མེད་ན་ཐབས་ཆག་པ་ཡོད་ན་དེས་ཆོག་པའི་བསྟན་འགྲོའི་སྲོག་ཤིང་ཉིད།
རྒྱལ་བསྟན་རྒྱས་པའི་བསྟན་པའི་རྨང་གཞིའི་སྡེ་ཆེན་པོ་ཞིག་ཁྱེད་ཀྱིས་བཙུགས་ཡོད་ལགས།
ཁྱེད་ཀྱི་སླད་མེད་དག་པའི་གསུང་གི་ཚིག་འབྲུ་རེ་རེས་ཀྱང་བདག་ཅག་གི་བློ་རྨོངས་རྨང་ནས་སེལ་བར་མཛད།
ཁྱེད་ཀྱི་མཛད་རྗེས་རླབས་ཕྲེང་གཟེངས་སུ་འབར་བས་གདུལ་བྱ་རྣམས་ལ་ཐར་པའི་སྒོ་མོ་ཡངས་པོར་ཕྱེ།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་རྨད་དུ་བྱུང་བའི་ཁྱེའུ་ཆུང་།
ཁྱེད་མེད་ན།
ཉོན་མོངས་པ་སེལ་བའི་ཐབས་ལམ་སུ་ཞིག་གིས་སྟོན།
ཁྱེད་མེད་ན།
བདག་ཅག་རྣམས་ཀྱིས་ཆོས་རྣལ་མ་ཞིག་དང་སེམས་ཀྱི་ཞི་བདེ་ཞིག་གང་ནས་འཚོལ།
ཁྱེད་མེད་ན།
ངེད་ཅག་རྣམས་མུན་པའི་སྨག་རུམ་དུ་ལྷུང་བར་ངེས་ལ།
ཁྱེད་ཀྱིས་མུན་པས་བསྟུམས་པའི་སེམས་ལའང་འོད་དཀར་སྒྲོན་མེ་ཞིག་སྤར།
སྲ་ཞིང་མཁྲེགས་པའི་སེམས་དེ་ལ་ཞི་བདེ་ཡི་ས་བོན་བྱིན།
ཀྱེ་༸གོང་ས་མཆོག
ཁྱེད་ལ་ལང་ཚོའི་གཟི་བརྗིད་དང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པས།
དགུན་གསུམ་གྲང་ངར་ལའང་འཛེམས་པ་མེད་པར་སྐུ་ངལ་ཁྱད་དུ་བསད་ནས།
ང་ཚོ་ལ་འཁྱག་རོམ་གྱི་སྒྲོམ་དུ་འཇུག་པའི་གོ་སྐབས་ནི་ནམ་ཡང་མ་མཆིས་ལ།
རླུང་འཚུབས་ཀྱི་སྤུ་གྲིས་དེ་བས་ཀྱང་ཐེབས་མ་བཅུག
ཚེ་རབས་གཏན་གྱི་སྐྱབས་གནས།
རྙེད་པར་དཀའ་བའི་དལ་འབྱོར་ལུས་རྟེན་འདི་ལ།
ཤིན་ཏུ་མཇལ་བར་དཀའ་བའི་དམ་ཆོས་ཀྱི་བདུད་རྩི།
ལས་སྨོན་གྱི་རྟེན་འབྲེལ་བཟང་པོ་ཞིག་གིས།
ཚེ་འདིར་ཁྱེད་དང་མཇལ་བ་དེ་སྐལ་བཟང་ཞིག་ལོས་ཀྱང་ཡིན།
ཀྱེ་སྐྱབས་མཆོག་ལགས།
ཁྱེད་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཚེ་རབས་གཏན་གྱི་སྐྱབས་གནས་ཉག་གཅིག་ཡིན་ལ།
ཁྱེད་ནི་བློ་ཕུགས་ཆོས་སུ་བསྒྱུར་བའི་དམ་པ་ངོ་མ་དེ་ཡིན།
ཁྱེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་གཟོད་ངེད་ཅག་ཀྱང་དགེ་སྡིག་གི་བླང་དོར་ཚུལ་བཞིན་འཇུག་པར་མ་རྨོངས་ཙམ་ཞིག་ཡོད་ལགས།
མདུན་བསྐྱོད་ཀྱི་ལམ་བུ་གསར་པ་ཞིག་དང་ཡ་རབས་ཀྱི་ལམ་བཟང་ཞིག་ཀྱང་འཐོབ་ངེས།
ཨེ་མ་ཧོ། ཞི་བདེའི་དེད་དཔོན་ཆེན་པོ་ལགས།
དགེ་བའི་ལས་དང་མི་མཐུན་ཕྱོགས་དེ་དག་ཚུལ་བཞིན་དུ་སྤོང་བའི་ལམ་སྟོན་ཞིག་དང་།
གཞན་ཕན་ཀྱི་ལྷག་བསམ་སྤོབས་པར་མཐོ་བའི་ལམ་བུ་གསར་པ་ཞིག་ཁྱེད་ཀྱིས་བསྐྲུན་ཡོད་ལགས།
ཁྱེད་ཉིད་ཀྱི་གདམས་ངག་གསེར་ཞུན་ལྟ་བུ་དེ་ཡང་རྣ་བའི་བུ་རམ་ལྟ་བུ་ཞིག་ཏུ་འགྱུར་ཡོད་ལགས།
༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུའོ།།
______________________________________
༣. ༸རྒྱལ་བའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
དོལ་པོ་པདྨ་བཀྲ་ཤིས། ལོ་རིམ་གཉིས་པ།
༸གོང་ས་མཆོག
ཁྱེད་ནི་ས་ཆེན་པོ་གླིང་བཞི་ཡི་དེད་དཔོན་ཆེན་པོ་ཡིན་པས།
གདུལ་བྱ་སློབ་འབངས་ཡོད་ཚད་ཀྱི་ཆེད་དུ།
ཉིད་ཀྱི་སྐུ་ཁམས།
རི་རྒྱལ་བཞིན་དུ་བརྟན་དགོས་ལ།
གཡུང་དྲུང་བཞིན་དུ།
དུས་གསུམ་དུ་བརླིང་དགོས་ལགས།
༸གོང་ས་མཆོག
ཁྱེད་ནི་འཛམ་གླིང་འདི་ཡི་ཞི་བདེའི་འབྱུང་ཁུངས་དངོས་དེ་ལགས་པས།
མཐའ་བྲལ་རྒྱ་མཚོའི་ཡིད་བཞིན་ནོར་བུ་ལྟ་བུ།
ཉིད་ཀྱི་སྙན་པའི་གསུང་དབྱངས།
འབྲུག་སྒྲ་ལྟ་བུ་སྩོལ་བ་ཆེ་ཞིང་།
ཚངས་དབྱངས་ལྟ་བུ་འགག་པ་མེད་པ།
དུས་ཀུན་ཏུ་ཡོད་ཚད་ལ།
དགའ་བ་དང་སྤྲོ་བ་བྱིན་དགོས་ལགས།
དེ་ལྟ་བས་ན་རྟག་ཏུ་འགྱུར་བ་མེད་དགོས།
༸གོང་ས་མཆོག
ཁྱེད་ནི་དུས་ཐོག་གི་སྟོན་པ་དངོས་ཏེ་ལགས་པས།
ཐུགས་རྒྱ་ཡངས་པའི་ཨ་སྔོན་དབྱིངས་སུ།
ཉི་ཟླ་བཞིན་དུ་ཕྲ་ལྷམ་མེར་གསལ་ཞིང་།
དྲི་མས་དག་པའི་མེ་ལོང་ངོས་ལ།
འགྲོ་བའི་བདེ་སྡུག་གི་སྣང་བསྙན་འཆར་ནས།
ནམ་ཡང་བྱམས་དང་རྙིང་རྗེས་སྐྱོང་དགོས་པས།
སྐུ་ཚེ་ཅིས་ཀྱང་རིང་དགོས་སོ།།
འདིར་ངེད་དྲྭ་བས་ད་ལམ་རྒྱལ་བའི་འཁྲུངས་སྐར་ཉིན་མོར་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པར་མཛད་པའི་སྙན་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད་པ་འདིས་རྒྱལ་བ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་ཕྲིན་བླ་ལྷག་ཏུ་རྒྱས་པ་དང་འགྲོ་ཁམས་ཡོངས་སུ་ཞི་བདེའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པའི་སྨོན་འདུན་གྲངས་མེད་ཞུའོ།།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།