པདྨ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
དེང་སང་གོ་ལའི་ཁྱོན་ཡོངས་ལ་ཆེས་སྙན་པར་གྲགས་པའི་མཁས་དབང་ཆེན་པོ། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསུངས་པའི་«དྲི་བ་བརྒྱད་ཁྲི་བཞི་སྟོང་།»ཞེས་པའི་དེབ་གསར་འདི་ཉིད། ད་ལོའི་ལོ་མགོ་ལ་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་འགྲེམས་སྤེལ་གནང་ཡོད། དེ་དུས་ཁོ་བོས་ཀྱང་ཚང་ཀ་ཤིག་ཤིག་གི་ཁྲོད་ནས་ཁུག་མའི་རུམ་དུ་སྒོར་མོ་མེད་མོད། གཞན་ལས་བསྐྱིས་ནས་ཉོས་པ་ཡིན། དེ་ནས་ཆོས་ཁྲིད་ཀྱི་བར་སེང་དག་བཏུས་ནས་གང་ཐུབ་ཨེ་ཐུབ་བསྒྲོགས་པས་གཞི་ནས་བཀླགས་ཚར་སོང་། དེ་རིང་ངས་འདི་རུ་དཔེ་དེབ་འདི་བཀླགས་པའི་མྱོང་ཚོར་ཐན་ཐུན་ཞིག་འབྲི་འདོད་བྱུང་།
དང་པོ། དུས་རབས་འདི་ཡི་སྟོན་པ་ངོས་བཟུང་བ།
དུས་རབས་ཉེར་གཅིག་འདིའི་ནང་དུའང་། བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱའི་རྒྱལ་པོའི་བསྟན་པ་ལ་ཉམས་ལེན་བྱེད་མཁན་ནི། ཕྱི་རོལ་པའི་དངོས་གཙོ་སྨྲ་བ་དང་། མཚན་རིག་པ་ནས་བཟུང་། དབྱར་གྱི་མཚོ་མོ་བཞིན་ཉིན་རེ་ལ་ཇེ་མང་དུ་འགྲོ་བ་ནི་མངོན་གསལ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ཉམས་ལེན་པ་དེ་དག་གི་ཚོགས་ལ། ཐབས་དང་ཤེས་རབ་འདྲ་མིན་སྣ་ཚོགས་རྩལ་དུ་བཏོན་ནས། ཡང་དག་པའི་རྣལ་མའི་དོན་དག་ལས་སླ་མོའི་ཐོག་ནས་ར་སྤྲོད་གནང་མཁན་གྱི་སྟོན་པ་ཁོང་(རྫོང་སར་མཁྱེན་བརྩེ།)ལྟ་བུ་བྱོན་པས་རེད་སྙམ། མགོན་པོ་གང་ཉིད་ཀྱིས་གཞན་ལ་གསུང་ལན་གནང་སྟངས་དང་། དགག་བཞག་སྤང་གསུམ་མཛད་སྟངས་ནི་ཧ་ཅང་གི་ཁྱད་ཆོས་དང་ལྡན་ལ་བསམ་གྱིས་མི་ཁྱབ་པ་རེད་འདུག
གཉིས་པ། གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པའི་གསུང་།
དེབ་འདིའི་ནང་དུ་བཞུགས་པའི་གསུང་ཆོས་རྣམས་ལོ་ངོ་བཞི་ལྔའི་སྔོན། གང་ཉིད་ཀྱིས་རྒྱ་ཡི་སློབ་མ་འགའ་ཞིག་དང་ལྷན། བགྲོ་གླེང་གནང་སྐབས་སུ་གསུངས་པར་མཛད་པའི་བཀའ་སློབ་བམ་གསུང་ལན་ཁག་ཅིག་རེད་འདུག
རེད་ཡ། དེང་སང་བླ་མའམ་མཁས་དབང་འགའ་ཤས་ལ་ང་ཚོས་དྲི་བ་དྲིས་ན། ཁོང་ཚོས་ཁོང་རང་གི་གནའ་བོའི་བསམ་བློ་དང་ཉམས་མྱོང་མང་དག་ཅིག་སྤུང་བ་ལས། གནད་ཀྱི་གསུང་ལན་གནང་བ་ཉུང་ཉུང་རེད། དཔེ་དེབ་འདི་རུ་ནི་དེ་ལས་ལྡོག་སྟེ་དུས་རབས་འདིའི་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་ཆེ་བའི་གསུང་བྱིན་ཅན་རྐྱང་རེད་འདུག་ལ། དེ་བཞིན་དྲི་བ་ཁག་གི་གསུང་ལན་ལ་ཡང་ལྕི་མེད་པར་དོ་སྙོམ་པོ། ཀློག་པ་དང་། བསམ་པ་དང་། ཐོས་པ་སོགས་བྱས་ཀྱང་རྣ་བའི་བུ་གར་ཚུད་སླ་བ་བཅས་ཀྱི་ཁྱད་ཆོས་མཆིས། གཞན་ཡང་མགོན་པོ་གང་ཉིད་ནི་ཡོ་བསྲང་གི་བྱེད་པོ་མཁས་པ་ཞིག་རེད་འདུག་ཨང་སྙམ་པའི་ཚོར་བ་དྲག་པོ་སྐྱེས་བྱུང་།
གསུམ་པ། ནང་པའི་ཁྱད་ཆོས་གསལ་པོ་གོ་ཐུབ་པ།
དེང་སང་འཛམ་གླིང་འདི་རུ་ཆོས་ལུགས་མང་པོ་ཞིག་ཡོད་རེད་ལ། དེ་ཚོ་འགའ་ཤས་ཀྱིས་མི་དམངས་དབང་སྒྱུར་བྱེད་ཅིང་། བདག་བསྟོད་དང་སྙན་གྲགས་འབའ་ཞིག་གི་ཆེད། ཐབས་སྣ་ཚོགས་ཀྱིས་གཞན་ལ་མགོ་སྐོར་དང་སླུ་བྲིད་བྱེད། ཡང་འགའ་ཞིག་གིས་ནི་ཕ་རོལ་པོ་ལ་རང་དབང་མེད་པར་ཆོས་ལུགས་དེར་ངེས་པར་དུ་ཞུགས་དགོས་པའི་བཙན་དབང་བྱེད་པ་དང་། ཁྲིམས་བཟོ་བ་སོགས་ཀྱིས་ཐབས་བྱུས་ངན་པ་གཏོང་གི་ཡོད་པ་ནི། མཐོང་ཐོས་ཀྱི་གནས་སུ་གྱུར་ཡོད་པ་གསལ་པོ་རེད། དེ་ཚོ་ནི་གནས་སྐབས་ཀྱི་གྲགས་པ་དང་ཆོས་ལུགས་ཀྱི་མིང་ཙམ་བཟུང་ནས་ཁེ་ཕན་ལེན་པ་ལས། མཐར་ཐུག་ཆོས་ཉིད་ཀྱི་དོན་ར་སྤྲོད་མི་ཤེས་པ་རེད།
འོན་ཏེ་ཁྱོད་ནང་པ་ཞིག་བྱེད་འདོད་ན། ཨུ་ཚུགས་ཀྱིས་མིན་པར་རང་དབང་རང་སྟོབས་ཀྱིས་ཆོས་ལུགས་དེར་ཞུགས་ཆོག་ཅིང་། གཞན་གྱི་ལྟ་བུའི་སྲོལ་ངན་པ་ལ་བརྟེན་མི་དགོས་པ་དང་། དེ་བཞིན་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་ནང་པའི་རྗེས་འཇུག་ཇེ་མང་དུ་འགྲོ་བ་ནི། མགོ་སྐོར་སླུ་བྲིད་ཀྱི་རྐྱེན་པས་མིན་པར་རང་སྟོབས་ཀྱིས་ཆོས་ཀྱི་རོ་བཅུད་མྱོང་ཤེས་པས་རེད། དེ་ནི་ང་ཚོ་ནང་པ་ཚོས་སྤོབས་པ་བྱེད་འོས་པའི་གནས་ཤིག་ཡིན་པ་རེད། སངས་རྒྱས་ཀྱི་ཞལ་སྔ་ནས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ཇི་བཞིན། སངས་རྒྱས་ཀྱི་སྔ་མོ་ནས་ང་ཚོར་ཐར་པའི་ལམ་བསྟན་གནང་ཡོད་ལ། ད་ནི་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྐར་ཆ་རེ་རེ་ལའང་ཐར་པའི་དོན་དུ་གཉེར་དགོས་པ་ལས། གཞན་ནི་འགན་ཅི་ཡང་མ་མཆིས་སོ།།
བཞི་པ། མཇུག་གི་གཏམ།
ད་ལམ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསུངས་པའི། «དྲི་བ་བརྒྱད་ཁྲི་བཞི་སྟོང་།» ཞེས་པའི་དེབ་འདི་བཀླག་རྒྱུའི་གོ་སྐབས་བཟང་པོ་ཐོབ། གསུང་རབ་འདིའི་ནང་དུ་ང་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཆེས་འབྲེལ་བ་ཆེ་བའི་བཀའ་སློབ་བྱིན་ཅན་མང་དག་ཅིག་བཞུགས་འདུག་ལ། གཞན་ཡང་ནང་ཆོས་ཉམས་སུ་ལེན་སྟངས། མི་གཤིས་བཟང་པོ་དང་རང་རྒྱུད་ངན་པ་ཇི་ལྟར་འདུལ་ཐབས། དེ་བཞིན་གཞན་ཕན་གྱི་ཀུན་སློང་དང་དུ་ལེན་ཚུལ་སོགས་ཐབས་ཤེས་མང་པོ་བསྩལ་གནང་འདུག
དེབ་འདི་བཀླགས་པས། ཁོ་བོའི་སེམས་ལ་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས། སྤང་བླང་གི་རྣམ་གཞག་མང་པོ་ཞིག་ཧ་གོ་དགོས་པའི་ཚོར་བ་དྲག་པོ་ཞིག་བྱིན་བྱུང་། རྣམ་པ་ཚོས་ཀྱང་དཔེ་དེབ་འདི་ཉིད་བཀླགས་མེད་ན། ངེས་པར་དུ་ཀློག་རོགས་གནང་དང་། འདི་ནས་ཁྱེད་ཀྱིས་ཉེ་བར་མཁོ་བའི་ལེགས་ཆ་དུ་མ་ཞིག་ཏན་ཏན་ལེན་ཐུབ་པའི་རེ་བ་ཡོད།
མཐའ་དོན་དེ་ལ། མཁས་དབང་ཆེན་པོ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག་གི་མཚན་སྙན་དང་མཛད་འཕྲིན་དེ་སྟོན་མཚན་ཟླ་བའི་འོད་བཞིན་མཛམ་གླིང་ས་གསུམ་ལ་ཁྱབ་པར་ཤོག་ཅིག་གུ། ༢༠༢༡/༠༧/༠༣ ཉིན་བྲིས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།