རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 12 July 2021

དཔེ་ཀློག་གི་ཕན་ནུས་དང་དགོས་མཁོ།

གསུང་བ་པོ། མཁན་པོ་ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས། ཤེས་བྱ་སྣ་འཛོམས་ཀྱི་སྤྱི་སྟེགས།
སྤེལ་ཉིན། ༢༠༢༡/༠༤/༢༣


དེ་རིང་གི་ཉི་མ་ལ་མཚོན་ན་འཛམ་བུ་གླིང་གི་ཐོག་ནས་དཔེ་ཆ་ཀློག་པའི་ཉི་མ་ཡིན་ཟེར་ནས་གཏན་ཁེལ་བྱས་ཡོད་པས། དཔེ་ཆ་དང་འབྲེལ་བའི་ཉི་མ་དམིགས་བསལ་བ་ཞིག་རེད། དེ་རིང་ཉི་མ་གཅིག་ལོགས་སུ་བཀར་ཏེ་དཔེ་ཆ་ཀློག་པའི་ཉི་མ་ཡིན་ཟེར་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། གཙོ་བོ་མི་རྣམས་ལ་དཔེ་ཆ་ཀློག་པའི་སྐུལ་མ་དང་། དྲན་སྐུལ་བྱེད་པའི་ཆེད་རེད།

     བོད་མི་ཚང་མས་དཔེ་ཀློག་བྱས་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་དགེ་མཚན་ཧ་ཅང་ཆེན་པོ་འདུག། དེར་བརྟེན་ཚང་མ་ལ་དཔེ་ཆ་ཀློག་པའི་གོམས་སྲོལ་ཡག་པོ་ཞིག་ཆགས་ཐུབ་པར་བྱ་དགོས།

     མི་རིགས་འདི་ལ་བསམ་བློ་བཏང་ན་ཡང་། ངེས་པར་དུ་དཔེ་ཆ་ཀློག་དགོས། དཔེ་ཆ་ནི་རིན་ཐང་ཅན་ཞིག་ལ་བརྩི་དགོས། མི་རིགས་ཀྱི་ཡུན་རིང་བའི་ལམ་ཁ་དང་དཔེ་ཆ་གཉིས་ལ་འབྲེལ་བ་ཧ་ཅང་ཆེ་བས། རང་གིས་བོད་ཡིག་གི་དཔེ་ཆ་མང་པོ་ཀློག་པ་དང་ཕྲུ་གུ་ཚོ་ལ་བོད་ཡིག་ཡག་པོ་ཤེས་དུ་འཇུག་དགོས།


     ཁྱིམ་གཅིག་གི་ནང་ནས་ཕ་མ་གང་རུང་ཞིག་གམ། ཁྱིམ་མི་མང་པོ་ལ་དཔེ་ཆ་བལྟ་རྒྱུའི་གོམས་སྲོལ་ཡོད་ན། ཕྲུ་གུ་ཆུང་ཆུང་ཚང་མས་དེ་ལ་མིག་དཔེ་བལྟས་ནས་ལོབས་འགྲོ་བ་རེད། ནམ་རྒྱུན་ཕྱི་ལ་འགྲོ་བའི་སྐབས་སུ་ཡང་ཁུག་མའི་ནང་དུ་དཔེ་དེབ་ཅིག་ཡོད་དགོས། ཁ་པར་སོགས་འཕྲུལ་ཆས་གཞན་གྱི་ཐོག་ནས་ཀྱང་དཔེ་ཆ་བལྟ་རྒྱུ་ཡོད་ཀྱང་། ཤོག་བུའི་ངོས་ལ་བལྟས་པ་ལྟ་བུའི་ཚོར་བ་ཡོང་གི་མ་རེད། 

     བོད་མི་ཞིག་གིས་བོད་ཡིག་སྦྱང་དགོས་ན་ལས་སླ་མོ་རེད། ཧ་ཅང་ཚད་མཐོན་པོ་ཞིག་ཤེས་དགོས་ན་དཀའ་ལས་ཆེ་ཡང་། སྤྱིར་བཏང་གོ་བ་རགས་རིམ་ཞིག་ལོན་པར་བྱེད་པ་ལ་དཀའ་ལས་དེ་ཙམ་མི་དགོས། བོད་ཀྱི་དཔེ་ཆ་འདི་དག་ལ་བལྟས་པ་ཡིན་ན་མི་ཚེ་གཅིག་ལ་ཕན་ཐོགས་པར་མ་ཟད། ཚེ་ཕྱི་མ་ལ་ཡང་ཕན་འདོགས་ཐུབ་བོ།།


     བོད་ལ་མཚོན་ན་དཔེ་ཆ་ངེས་པར་དུ་ཀློག་དགོས། ཁྱད་པར་དུ་ཞིང་འབྲོག་མང་ཚོགས་ནང་ནས་བུད་མེད་ཚོས་དཔེ་ཆ་བཀླག་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེའི་རྒྱུ་མཚན་ནི་མི་རབས་རྗེས་མ་རྣམས་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་མིན་གཙོ་ཆེ་བ་བུད་མེད་རྣམས་ལ་ཐུག་ཡོད། མི་རབས་རྗེས་མ་རྣམས་ཆུང་ཆུང་ཡིན་པའི་སྐབས་སུ། བསམ་བློ་དང་དད་པ་སོགས་ཡག་པོ་ཞིག་ཡོང་མི་ཡོང་ཨ་མ་རྣམས་ལ་རག་ལས་ཡོད་ཅེས། ཤར་ནུབ་ཀྱི་མཁས་པ་རྣམས་ཀྱིས་གསུང་བཞིན་ཡོད། དོན་དངོས་པོའི་ཐོག་ནས་ཀྱང་དེ་འདྲ་བ་ཞིག་ཡིན་པ་མངོན་སུམ་རེད། དེ་ཡིན་དུས་བྱམས་སྙིང་རྗེ། ལས་རྒྱུ་འབྲས་བསྲུང་བ། གཞན་ལ་གནོད་མི་སྐྱེལ་བར་ཕན་པ་བསྒྲུབ་པ་སོགས་བོད་རང་གི་རིག་གནས་རྒྱུན་འཛིན་དང་། དར་སྤེལ་བྱ་རྒྱུའི་འདུ་ཤེས་འདི་དག་ཨ་མ་རྣམས་ལ་ཡོད་ན། རང་ཤུགས་ཀྱིས་ཕྲུ་གུ་ཚོར་ཡོད་འགྲོ་བ་རེད། དེར་བརྟེན་ཨ་མ་རྣམས་ལ་བོད་ཀྱི་བསམ་བློ་དང་འདུ་ཤེས་ཡོད་ན། མི་རབས་རྗེས་མ་ཡང་ཡག་པོ་ཡོང་ཐུབ། ཨ་མ་རྣམས་ལ་དེ་འདྲའི་བསམ་བློ་དང་འདུ་ཤེས་ཡོད་དགོས་ན། ཨ་མ་རྣམས་ཀྱིས་དཔེ་ཆ་ཀློག་པ་དང་། སློབ་སྦྱོང་བྱས་ན་ད་གཟོད་ཡོང་བ་རེད་མ་གཏོགས། དེ་ལས་གཞན་པའི་ཐབས་ཤེས་མི་འདུག་པས། དེ་ལ་ངེས་པར་དུ་མཐོང་ཆེན་བྱེད་དགོས།


     ང་རང་ལ་མཚོན་ན། ཆུང་ཆུང་ཡིན་པའི་སྐབས་ནས་དཔེ་ཆ་ལ་ཧ་ཅང་དགའ། གྲོང་ཁྱེར་གང་འདྲའི་ནང་སླེབས་ཀྱང་། དང་པོ་དཔེ་ཁང་ནང་དུ་འགྲོ་བཞིན་ཡོད། ད་ལྟ་ཡིན་ན་དཔེ་ཁང་ནང་ལ་དེ་ཙམ་འགྲོ་དགོས་ཀྱི་མི་འདུག དྲྭ་ཐོག་ནས་དཔེ་ཆ་གང་ཉོ་དགོས་ནའང་ཉོ་ཐུབ་ཀྱིན་འདུག ཁྱིམ་ནང་གི་ཅ་ལག་མང་ཆེ་བ་ཡང་དཔེ་ཆ་ཡིན། དཔེ་ཆ་མིན་པའི་བཟའ་རྒྱུ་གྱོན་རྒྱུ་ཕྲན་བུ་ལས་གཞན་མང་པོ་མེད།

     དེང་སང་ལས་ཀ་ཙག་ཙིག་གི་དབང་གིས། དཔེ་དེབ་དེ་ཙམ་ལྟ་རྒྱུ་རག་བཞིན་མེད། ལྟ་ཁོམ་མ་བྱུང་ཡང་དཔེ་ཆ་གསར་པ་ཡོད་ན་མྱུར་དུ་བསླུས་ཏེ། ག་ལེར་བལྟ་རྒྱུའི་འཆར་བཞི་འཇོག་གི་ཡོད། སྔོན་ཆད་ཀྱང་དེ་འདྲ་ཡིན། ད་ལྟ་ཡང་དེ་ཡིན། མི་ཚེ་གང་པོར་དཔེ་ཆ་དང་མཉམ་དུ་ཡོང་བ་དེ་འདྲ་ཞིག་ཡིན། དཔེ་ཆ་མ་ཡིན་པའི་ཅ་ལག་དེ་ཚོའི་ནང་དུ་འདྲ་མི་འདྲ་མང་པོ་ཡོད། སུ་ཡིན་ན་ཡང་རྩ་བའི་འཚོ་ཆས་དགོས་རེད་མ་གཏོགས། དངོས་པོ་མང་པོ་ཞིག་ནི་མེད་པའི་སྐབས་དགོས་པ་ལྟ་བུ་དང་། ཡོད་ཚར་དུས་ཡོད་ཀྱང་མེད་ཀྱང་གཅིག་པ་ལྟ་བུའི་ཚོར་བ་ཡོང་བ་དེ་འདྲ་ཡིན།


     དངོས་པོ་མང་པོ་ཞིག་མེད་པའི་སྐབས་དགོས་པ་ལྟ་བུ་དང་། ཡོད་ཚར་དུས་ཡོད་ཀྱང་མེད་ཀྱང་གཅིག་པ་ལྟ་བུའི་ཚོར་བ་ལས་གཞན་ཚོར་བ་གང་ཡང་མི་འདུག དཔེ་ཆ་ནི་དེ་དང་མི་འདྲ་བ། དཔེ་ཆ་བལྟས་ན་སེམས་ཀྱི་ནང་ལ་ཟ་ཉལ་འགྲོ་འདུག་གི་ཚོར་བ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཚོར་བ་ཁྱད་པར་བ་སྟེ།  སྣང་བ་བསྒྱུར་འགྲོ་བ་ལྟ་བུའི་བདེ་བ་ཡོང་བཞིན་ཡོད། 

     སེམས་གཏིང་ནས་ཡོང་བའི་བདེ་བ་དེ། བདེ་བ་ངོ་མ་རེད། ཕྱི་རོལ་ནས་གཟུགས་མཛེས་པ་ལ་ལྟ་བ། སྒྲ་སྙན་པ་ལ་ཉན་པ་སོགས་དབང་པོ་སྒོ་ལྔས་བདེ་བ་སྟེར་བ་ཡིན་ན་ཡང་། དེ་དག་ཕྱི་རོལ་ནས་ཚུར་ཡོང་བའི་བདེ་བ་ཡིན་པའི་རྒྱུ་མཚན་གྱིས་བདེ་བ་ཆུང་ཆུང་མ་གཏོགས་སྟེར་མི་ཐུབ། ནང་ནས་ཡོང་བའི་བདེ་བ་ནི་རྒྱ་ཆེན་པོ་དང་སྟོབས་ཆེན་པོ་རེད། ནང་གི་བདེ་བ་དེ་ཡང་དཔེ་ཆ་ལ་བལྟས་ནས་ཡོང་གིན་འདུག


   མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འཛམ་གླིང་ ༢༠༢༡/༠༤/༢༣ དཔེ་ཀློག་གི་ཉིན་གནང་བའི་གསུང་ཟིན་བྲིས་སུ་བཏབ་པའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།