རྩོམ་པ་པོ། དོལ་པོ་པདྨ་དགོས་འབྱོར།
ཡོང་ཁུངས། འཚོལ་སྨྱུག་ཚོགས་ཀྱི་ངོ་དེབ་ངོ་ཤོག
སྤེལ་ཉིན། ༡༧/༠༤/༢༠༡༩
ང་ཚོས་སྐབས་རེར་ཐོབ་ཐང་རྩོད་མོད་དེ། ནམ་རྒྱུན་རང་ཉིད་ཀྱི་བདག་དབང་སྤྱོད་མི་ཐུབ་པའི་གནས་སྟངས་ཤིག་ཀྱང་མཐོང་། སྐབས་ཐོབ་གླེང་བར་འདོད་པ་ནི་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ཚོས་སློབ་གྲྭ་སོགས་ཀྱི་སྒོ་བྱང་དང་། ལས་ཤོག་སོགས་སྟེང་དུ་བོད་ཡིག་ངེས་པར་དུ་འབྲི་དགོས་ཤིང་དང་པོར་ཡང་འབྲི་དགོས། སྲིད་གཞུང་གིས་ཀྱང་ཐོབ་ཐང་སྤྲད་ཡོད་ཅིང་། མི་རིགས་གཞན་ཚོས་སྤོབས་པ་ཆེན་པོས་བེད་ཀྱང་སྤྱོད་བཞིན་འདུག་ན། རང་རེ་ཚོ་ཡོས་ལས་འབབ་རྒྱུའི་རྩམ་པ་ཟེར་བ་དེ་མེད་པར་དྲ་ལམ་ནས་གཏམ་ཉག་ཉོག་མང་དག་ཅིག་སྤེལ་བ་དེས། དུང་འབུད་རྒྱུ་དང་། གཤང་དཀྲོལ་རྒྱུ་གང་ཡང་མེད། དེ་བས་ཁྱེད་ཀྱིས་སྒོ་བྱང་ཞིག་ལ་ཡིག་རིགས་གསུམ་འབྲི་འདོད་ཚེ། འགྲོ་ལུགས་ལྟར་དང་པོ་བོད་ཡིག གཉིས་པར་རྒྱལ་ཁབ་སྤྱིའི་ཡི་གེ། གསུམ་པར་དབྱིན་འཇི་སོགས་རང་འདོད་ལྟར་བཀོལ་ཆོག
བལ་ཡུལ་ལ་མཚོན་ན། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ལས་ཀྱི་སྣེ་མོ་པ་ལྷག་བསམ་ཅན་འགའ་ཞིག་གི་སྐུ་དྲིན་ལས། འཛིན་རིམ་བཅུ་གཉིས་བར་བོད་ཡིག་སློབ་ཚན་མ་འདྲ་བ་གཉིས་རེ་གཞུང་འབྲེལ་ཐོག་དཔར་བསྐྲུན་གྱི་གོ་སྐལ་ཐོབ་ཡོད་པ་ནི། ནང་པ་ཡོངས་དང་དམིགས་བསལ་ཁུལ་འདིའི་བོད་རིགས་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཅི་ལ་མིན།
ལར་བོད་ཡིག་ནི། བགྲང་བྱ་དུ་མའི་སྔོན་དུ་བོད་པའི་ཡི་གེ་ཞེས་གོ་བ་བླངས་མྱོང་ཡང་། དེང་སྐབས་ཆབ་སྲིད་ཀྱི་གཞན་དབང་ལས་བོད་པ་དང་བོད་རིགས་ཞེས། གཉིས་དོན་གྱིས་འབྱེད་དགོས་པར་གྱུར་རྗེས། བོད་རིགས་ཀྱི་ཡི་གེ་ཞེས་གོ་བ་ལེན་དགོས། དེའི་རྒྱབ་ལྗོངས་ནི་བྷོཊ་དང་། སམ་བྷོ་ཊ་ཞེས་བཀོལ་བ་དེ་ལས་ཤེས་ཤིང་། གནད་ཡོད་མི་སྣ་འགས་བདག་ལ་བསམ་འཆར་ཡང་བཤད་མྱོང་བས། ཐ་སྙད་ཅི་བཀོལ་རྩ་འཛིན་ཆེན་པོ་མི་སྣང་བར་དཀྱེལ་ཡངས་གནང་རྒྱུའང་གནད་ཆེན་པོར་མངོན། (བྷོཊ་དང་སམ་བྷོ་ཊ་ནི། བོད་དང་གོ་དོན་ཐད་འབྲེལ་ཆེ་བ་ཞིག་ཡིན་མོད་དེ། ཚིག་གི་ངོ་གདོང་ཐད་ནས་ཁྱད་པར་ཡོད་པས། ཏི་པ་ཏི་ཟེར་བ་ལས་བྷོཊ་ཞེས་བཀོལ་བདེ་བར་ངོས་འཛིན་མཁན་མང་པོ་འདུག) གཞན་དུ་ན་སྐད་ཡིག་དེའི་ཁྱབ་རྒྱ་དང་། བཀོལ་སྤྱོད་ཐད་ནུས་མེད་དང་ཉམས་དམས་སུ་འགྲོར་མི་ངེས་པའང་མིན།
ལོ་ཤས་སྔོན་དུ་ཁོ་བོས་གློ་བོར་བསྐྱོད་སྐབས། སྨོན་ཐང་དང་། རྩྭ་རང་། ཚོ་ཤར་སོགས་སུ་ཟ་ཁང་དང་། ཚོང་ཁང་གི་སྒོ་བྱང་ཐོག་བོད་ཡིག་བྲིས་པ་དེ་འདྲའང་གང་མང་མཐོང་། ངོས་ཀྱི་ཕ་ཡུལ་དོལ་པོར་མཚོན་ན། སློབ་གྲྭ་ཁག་མང་ཆེ་བའི་སྒོ་བྱང་བོད་ཡིག་ཐོག་བྲིས་ཡོད། དེ་བཞིན་ལས་ཤོག་སོགས་དང་། ཐམ་ག་སོགས་ལ་བོད་ཡིག་བྲིས་པ་ཧ་ཅང་མང་། མ་བྲིས་པ་ཡོད་ན་ཐོབ་ཐང་ཁས་རྩོད་རྒྱུ་དང་། ནུས་པ་ཆེ་ཆེར་ཐོན་རྒྱུ་མེད་པའི་སྐད་འབོད་བྱེད་རྒྱུའི་དོད་དུ། མ་སྔ་མ་ཕྱིས་པའི་དུས་ཚོད་དམ་འཛིན་གནང་ནས་འབྲི་རོགས་གནོངས་ཞེས། རེ་བ་ཡང་ཞུ་བ་ལགས།
ངས་ཉེ་ཆར་བློ་མཐུན་གྲོགས་པོ་འགའ་ལ་སློབ་གྲྭ་ཁག་གི་ཤེས་རིག་འཛིན་སྐྱོང་ཐད་བསམ་འཆར་ཞིག་ཞུས་མྱོང་། ཧི་མཱ་ལ་ཡའི་མི་རིགས་ཚོའི་ཁྲོད་ནས་ཆོས་དང་། རིག་གཞུང་། སྐད་ཡིག་དང་། མི་རིགས་ཟེར་ནས་སེམས་འཚབ་དང་གླེང་སློང་བྱེད་མཁན་ཡང་གང་མང་འདུག་ཀྱང་། གྲོང་གསེབ་ས་ཁུལ་དུ་གནས་པའི་ཕ་མ་རྒན་རྒོན་དང་ན་གཞོན་ཚོ། ཆོས་དད་ཆེ་བར་འབྲེལ་སྐད་ཡིག་གལ་ཆེན་བརྩི་མོད། དེར་བརྟེན་དེ་ནས་གོ་སྐལ་ཞིག་དང་སྡིངས་ཆ་ཞིག་ཡོད་པ་ནི། སློབ་གྲྭ་ཁག་ལ་བོད་ཡིག་གི་རྨང་གཞི་ཡག་པོ་བཟོ་རྒྱུ་དང་། མི་རིགས་ཀྱི་འདུ་ཤེས་བསྐྲུན་རྒྱུ། ནང་ཆོས་ཀྱི་བག་ཆགས་འཇོག་རྒྱུ་བཅས་ཡིན། ཉེ་ཆར་ཁོ་བོས་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཇལ་བཅར་སྐབས། རིན་པོ་ཆེས་སློབ་གྲྭར་ནང་ཆོས་སློབ་ཀྱི་ཡོད་དམ་གསུང་དུས། ངའི་སེམས་ལ་འགན་ཁུར་དམིགས་བསལ་ཞིག་གིས་ནོན་བྱུང་ལ། དེ་རྗེས་ངས་ཟླ་རེར་ཐེངས་རེ་སློབ་གྲྭར་རེས་གཟའ་པ་སངས་ཉིན། ནང་ཆོས་ངོ་སྤྲོད་ལས་རིམ་ཞིག་བཟོ་རྒྱུའི་འདུན་པའང་བཅངས། གང་ལྟར་ཧི་མཱ་ལ་ཡའི་ལྗོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་འགན་ཁུར་མི་སྣ་ཚོས། འགན་དམིགས་བསལ་ཞིག་ཁུར་མ་ཐུབ་ན། མི་རིགས་ར་མ་ལུག་ཅིག་ཏུ་འགྱུར་བར། ལོ་ངོ་སུམ་ཅུ་ཡང་མི་ཐོགས་པའི་ཉེན་ཚབས་ཆེ། འབྲིང་རིམ་དང་མཐོ་རིམ་སྐབས་སློབ་ཕྲུག་ཚོར་རང་རང་གི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་ལས་ཁ་ཐག་རིང་བས་གོང་ཞུས་ལས་དོན་དེ་མ་ཕྱིས་པར་འགོ་བརྩམ་རན་ཡོད། དེ་ནི་འདུ་འཛོམས་སྐབས་རང་སྐད་སྨྲ་མཁན་ཉུང་དུ་འགྲོ་བ་དང་། ཆོས་ཀྱི་བག་ཆགས་དང་གོ་རྟོགས། རིག་གཞུང་གི་རིན་ཐང་དང་ཁེ་ཕན་གཏིང་ཟབ་ས་ནས་མི་དོ་སྣང་དང་ཤེས་རྟོགས་ཅན་མར་ངོའི་ཟླ་བའི་ཟླ་བོར་འགྱུར་མུས་དེ་ལས་རྟོགས་ནུས་སོ།།
བལ་ཡུལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ། ལོ་རེར་ཐེངས་གཉིས་རེ་ཙམ་ངེས་པར་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་དགོས་རྒྱུའང་ཧ་ཅང་གལ་ཆེ་བས། འགན་ཁུར་མི་སྣ་ཚོས་བདག་ཞུ་པ་པོ་ངོ་ཆུང་རུང་ཞུ་བྱ་དོན་ཆེ་བས། ཅིས་ཀྱང་དགོངས་དབྱིངས་ནས་མི་འདོར་བའང་བདག་གི་རེ་བ་ཡིན།
སྤྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༡༧ ཉིན་ཁྲ་རིགས་དགོན་གྱི་ཉེ་འདབས་ཇ་ཁང་ཞིག་ཏུ་བྲིས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།