རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 26 July 2021

མི་ཚེའི་བསམ་གཞིགས།

དོལ་པོ་ཉི་བསམ། སེར་བྱེས་སློབ་གྲྭ།


མི་ཚེའི་སྔ་གཞུག་ཏུ་ཁེར་རྐྱང་གི་འཚོ་བ་ནི།
ཅི་འདྲའི་ཁ་ཞེང་དོག་ཅིང་ཕུ་ཐག་ཐུང་།
ཁ་ཞེང་དོག་ཅིང་ཕུ་ཐག་ཐུང་བའི་ང་ཡི་འཚོ་བ། 
ཁེར་རྐྱང་གི་ཁང་པའི་གྲུ་ཟུར་ཞིག་ནས་རྟོགས། 

མུན་པའི་ཡོལ་བ་འཐེན་པའི་ཁང་ཆུང་དེ་ན།
ང་རང་གྱང་ངོས་ཀྱི་ཆུ་ཚོད་དེར་ཅེར་ཞིང་།
དུས་ཚོད་ཀྱི་ཐག་སྒྲ་ལ་མཉན་ནས་བསྡད། 

ལན་རེར་དུས་ཚོད་ནི་སྐལ་བ་བརྒྱ་ཕྲག་ཁྱད་དུ་གསོད་པའི་རུས་སྦལ་བཞིན་ཆས་ལ། 
ལན་རེར་ཤོག་སྒྲོ་ཐོགས་པའི་རླུང་བུ་ལྟར་གར་སོང་ཆ་མེད་དུ་གྱུར་འགྲོ། 

དུས་ཚོད་ཀྱི་མཚོ་མོའི་དཀྱིལ་ནས། 
ང་ཡི་ཞེ་འདོད་ནི་གཡོར་གྲུ་ཞིག་སྟེ། 
ཆུ་རླབས་ཀྱི་གཡོ་འགུལ་ཁྲོད་ནས། 
རང་ཉིད་ཀྱི་ཁ་ཕྱོགས་ཡོད་ཚད་ཀྱང་ཡལ། 

རྒྱ་ཆེ་ཞིང་འཇིངས་ཟབ་པའི་རྒྱ་མཚོའི་མཐའ་ནས། 
ངས་ལོ་དང་ཟླ་བའི་གཉེར་རིས་བརྩེགས་པའི་བྱེ་མའི་ཁང་བུ་དག
ཆུ་རླབས་ཀྱི་གཡོ་སྐྱོམ་རེ་དང་འཕྱོར་ཐེངས་རེར་སྙིང་རྗེ་མེད་པར་རྡིབ་པར་བྱས། 
ངས་བསམ་གཞིགས་རིང་པོའི་བརྒྱུད་ནས་གྲུབ་པའི་དེ་རིང་གི་བྱ་བ་དག་སླར་ཡང་སང་ཉིན་གྱི་མདུན་སྐྱོད་ཅིག་ཏུ་གྱུར། 

མི་ཚེ་འདི་གཅོང་རོང་ལས་ཀྱང་འཇིགས་སྣང་ཆེ་སྟེ། 
ང་ཚོར་གདམ་ག་ཞེས་པ་གཉིས་ལས་མེད། 
དེ་ནི་མདུན་གྱི་མུན་དོང་དང་རྒྱབ་ཀྱི་མེ་ནུར་རེད། 
ང་ཚོར་ལྷུང་ས་ཞིག་གམ་འབབ་ས་ཟེར་ན་དེ་ལས་མེད། 

ཕྱི་ལོ། ༢༠༢༡/༠༧/༢༩ ཉིན།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།