རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 24 July 2021

ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

བླ་མ་ཀརྨ་དོན་གྲུབ། ཨ་རི་ནིའུ་ཡོཀ


༈ ཀྱེ་མ། 
སྐྱབས་མཆོག་ཀུན་དུས་བླ་མ་རིན་པོ་ཆེ།།
མགོན་མེད་བདག་ལ་ཐུགས་རྗེ་མྱུར་དུ་གཟིགས།།
རེ་དོགས་ནད་ཀྱིས་མནར་པའི་ཉམས་ཐག་ལས།།
མྱུར་པ་ཉིད་དུ་གྲོལ་བར་མཛད་དུ་གསོལ།།

བྱིས་པའི་དུས་སུ་དར་མ་ནམ་ཡོང་རེ།།
གཞོན་པའི་དུས་སུ་ལང་འཚོ་རྒུད་པར་དོགས།།
རེ་དོགས་བརྩོན་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

ནད་ཀྱིས་མནར་དུས་བདེ་བའི་ཐབས་ལ་རེ།།
ནད་མེད་མཆིས་ཚེ་འགོས་ནད་ཕོག་པར་དོགས།།
རེ་དོགས་འཇིགས་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

རང་ཡུལ་ཡོད་དུས་ཕྱི་རྒྱལ་འགྲོ་ཐབས་རེ།།
གཞན་ཡུལ་སླེབས་དུས་འདོད་ཐོག་མི་འབབ་དོགས།།
རེ་དོགས་འདི་ལ་རྫོགས་ཐབས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

སྤྲང་པོའི་དུས་སུ་ཕྱུག་པའི་ཐབས་ལ་རེ།།
ནོར་ཡོད་དུས་སུ་མེད་པར་སོང་བར་དོགས།།
རེ་དོགས་གནས་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

གྲོགས་མེད་དུས་སུ་གྲོགས་བཟང་འགྲོགས་ལ་རེ།།
གྲོགས་ཡོད་དུས་སུ་ནམ་ཞིག་བྲལ་བར་དོགས།།
རེ་དོགས་ནད་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

མི་མཁས་དུས་སུ་མཁས་པའི་ཐབས་ལ་རེ།།
མཁས་པར་གྱུར་ཚེ་གྲགས་པ་ཉམས་པར་དོགས།།
རེ་དོགས་འཕྲང་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

འཁོར་མེད་དུས་སུ་འཁོར་ཚོགས་ཐབས་ལ་རེ།།
འཁོར་མང་ལྡན་ཚེ་འཁོར་ངན་འབྱུང་བར་དོགས།།
རེ་དོགས་སྒྲོག་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

དམའ་བའི་དུས་སུ་མཐོ་བའི་ཐབས་ལ་རེ།།
མཐོན་པོར་སླེབས་དུས་དམའ་སར་ལྷུང་བར་དོགས།།
རེ་དོགས་གཡང་ལས་ཐར་དུས་མི་འདུག་པས།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

མདོར་ན་སྡུག་དུས་སྐྱིད་པའི་ཐབས་ལ་རེ།།
སྐྱིད་པའི་དུས་སུ་སྡུག་བསྔལ་ཡོང་གིས་དོགས།།
སྐྱིད་སྡུག་འགྱུར་འགྲོ་རེ་དོགས་བྱས་ཅི་ཕན།།
ད་ནི་ལྷ་ཆོས་ནུས་ན་ཅི་མ་རུང་།།

    ཞེས་མཁས་དབང་དགེ་ཆོས་ཀྱིས་མཛད་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་སྤྱི་སྤྱོད་དྲྭ་ལམ་དུ་མཇལ་བ་ལ་བརྟེན་ནས། རང་གནས་དབེན་པའི་དགའ་ཚལ་ཏུ་ཀརྨ་དོན་གྲུབ་པས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།