རྩོམ་པ་པོ། སློབ་སྤྲུལ་འཆི་མེད་ཚེ་དབང་།
ཡོང་ཁུངས། འཚོལ་སྨྱུག་ཚོགས་ཀྱི་ངོ་དེབ་ངོ་ཤོག
སྤེལ་ཉིན། ༠༦/༠༤/༢༠༡༩
མི་བཟོད་དུས་འགྱུར་ཁུག་པ་རིང་མོའི་སྣེར།།
སྐད་དང་མི་རིགས་མི་གཅིག་ས་མཐའ་ན།།
འབྲས་སྐྱ་ཆུ་ཚན་ཙམ་གྱི་འཚོ་རྟེན་གྱིས།།
ཕྱག་ཞབས་སྣག་ཁྲག་བརྡོལ་བའི་ཨར་ལས་དང་།།
ལྕགས་རྟ་ཞབས་ཀྱིས་བསྐོར་ནས་ཚ་བའི་ཁྲོད།།
ལེ་དབར་མང་པོས་ཆོད་པའི་ཕ་རོལ་ལ།།
མཁོ་དགུའི་ཅ་དངོས་ཉོ་རུ་ཕེབས་པ་དྲན།།
ཧིན་སྒོར་གསུམ་བརྒྱ་མ་གཏོགས་ནོར་མེད་ཅིང་།།
བླ་རྒན་གཅིག་གཉིས་ཙམ་ལས་རོགས་མེད་ཀྱང་།།
རྙིང་བསྟན་ཉམས་པར་གྱུར་ན་མི་བཟོད་ཅེས།།
བཤད་སྒྲུབ་བསྟི་གནས་བཙུགས་པའི་བཀའ་དྲིན་དྲན།།
གཡས་གཡོན་ཀུན་ནས་ཕྲག་དོག་སྤྲིན་འཁྲིགས་ཏེ།།
མི་བཟོད་སྐུར་འདེབས་དྲག་པོའི་ཆར་ཕབ་ཅིང་།།
ཟས་ལ་དུག་ཆུ་བླུད་ནས་དྲངས་གྱུར་ཀྱང་།།
ངན་ལན་བཟང་གིས་འཇལ་བའི་རྣམ་ཐར་དྲན།།
ཚད་ལྡན་མཁས་སྒྲུབ་གང་ན་སུ་བཞུགས་ཀྱང་།།
མཚན་དང་གོ་སའི་ཁྱད་པར་མི་འབྱེད་པར།།
མདུན་དུ་ཕེབས་སམ་གནས་འདིར་སྤྱན་དྲངས་ཏེ།།
གཙུག་ཏུ་བཀུར་ཅིང་དམ་ཆོས་གསན་པ་དྲན།།
ཆོ་རིགས་གཅིག་པའི་སྐུ་ཡི་ལྕམ་སྲིང་དང་།།
མ་ངེས་ས་ཕྱོགས་ཀུན་གྱི་སློབ་འབངས་བཅས།།
ལྟོས་བཅས་ཐམས་ཅད་ཐོབ་གོ་འདྲ་མཉམ་ངང་།།
བྱམས་བརྩེ་སྐྱབས་སྦྱིན་ཕྱག་རྒྱས་བསྐྱངས་པ་དྲན།།
འགའ་ཞིག་རང་གཤིས་བཟང་ཡང་འཇོན་ཐང་ཆུང་།།
ཕལ་ཆེར་འཇོན་ཐང་ཅན་རྣམས་གཤིས་ཀ་གྱོང་།།
བྱམས་པའི་ཐུགས་ལ་ཤེས་རབ་རྩལ་རྫོགས་པའི།།
ཐབས་ཤེས་གཉིས་ཀ་འཛོམས་པའི་རྒྱལ་སྲས་དྲན།།
དེ་ལྟར་ཐུགས་བསྐྱེད་ཉི་མའི་འོད་པོ་ཆེ།།
འགོག་མེད་ཤར་ནུབ་ཀུན་ལ་ཡོངས་ཁྱབ་པས།།
མ་བོས་ཁྲི་ཕྲག་དུ་མའི་དགེ་འདུན་གྲངས།།
གླིང་འདིར་འུབ་ཀྱིས་འདུས་པའི་གཟི་བརྗིད་དྲན།།
འཆད་རྩོད་རྩོམ་དང་རིག་འཛིན་བརྒྱུད་པའི་སྲོལ།།
མཐོང་བརྒྱུད་ཕྱག་ལེན་སྙིང་པོའི་མན་ངག་སོགས།།
མཁས་སྒྲུབ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།།
ཧི་མ་ལ་ཡའི་རི་སུལ་གང་བ་དྲན།།
མཚན་སྙན་གྲགས་པ་དཀར་པོའི་བ་དན་ཆེ།།
འཛམ་གླིང་གོ་ལའི་འཁྱོན་ལ་གཡོས་པ་ན།།
རྒྱ་གར་བལ་ཡུལ་འབྲུག་དང་གངས་ལྗོངས་བོད།།
ཁྱེད་ཀྱི་གདུལ་བྱར་མ་གྱུར་མེད་པ་དྲན།།
སྣ་ཚོགས་སྤྲུལ་པའི་རོལ་གར་བསམ་ཡས་པ།།
རྒྱལ་བ་ཀུན་དང་ཐུན་མོང་ལགས་མོད་ཀྱང་།།
ཚུར་མཐོང་མིག་ལ་སྣང་བའི་མཛད་པ་འདི།།
མགོན་པོ་གང་གི་ཐུན་མིན་རྣམ་ཐར་ལགས།།
ཨེ་མ་སྙིགས་དུས་མུན་པའི་སྨག་རུམ་ན།།
ཐུགས་བསྐྱེད་འོད་སྣང་གསལ་བའི་བླ་མ་ཞིག།
བདག་སོགས་རིགས་ཀྱི་བདག་པོར་ཐོབ་པ་ཡི།།
སྐལ་བཟང་འདི་ལ་བདག་ཡིད་རབ་ཏུ་འཚེངས།།
མགོན་པོ་གང་ལ་ཤེས་ནས་དད་པ་ཐོབ་པའི་དོལ་པོ་པ་སྤྲུལ་མིང་འཛིན་པ་འཆི་མེད་ཚེ་དབང་དུ་འབོད་པ་དེས་སོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།