རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 18 July 2021

༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་མིན་ལ་དཔྱད་པའི་རྩོད་སྤོང་གཟུ་བོའི་ཐལ་ངག

རྩོམ་པ་པོ། འཆི་མེད་རིག་འཛིན།

ཡོང་ཁུངས། འོད་འཛིན་རྩོམ་སྟེགས།

སྤེལ་ཉིན། ༢༠༢༡/༠༦/༢༠



ང་དོན་གནད་བསྡུས།: མཁན་ཆེན་བླ་མ་དམ་པ་པདྨ་མཁྱེན་རབ་ཞབས་ཀྱིས། «ངེས་ཤེས་སྒྲོན་མེ་མི་ཕམ་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་མིན་ལ་དཔྱད་པ།» ཞེས་པའི་དཔྱད་བརྗོད་ཅིག་སྤེལ་བ་ལ། འགའ་ཞིག་གིས་དེ་ནི་ལུང་རིགས་གང་དང་ཡང་མི་མཐུན་པའི་ལྟ་ཚུལ་ཞིག་ཏུ་བརྩིས་ཏེ་དགག་པ་བསྐྱོན་པ་ལ་བརྟེན་ནས། འོག་ཏུ་ངས་དེ་ལ་སྐྱོན་སྤོང་གི་ཚབ་མཚོན་དུ་དགག་སྒྲུབ་ཅུང་ཙམ་བྱས་ཡོད།


བརྡ་ཆད་གཙོ་བོ།: ངེས་ཤེས་སྒྲོན་མེ། དགུང་ལོ། མི་ཕམ། གཏན་ཚིགས།


ན་མོ་གུ་རུ་ཨ་ཛི་ཏ་བི་ཡེ།

རྒྱལ་བའི་མདོ་སྔགས་ཡོངས་ཀྱི་གནད་གསང་ཀུན།།

ཟབ་མོའི་དྲི་བ་བདུན་པོར་ལེགས་བསྡུས་ནས།།

སྔ་འགྱུར་ཐུན་མིན་བཞེད་སྲོལ་གསལ་བྱེད་པའི།།

བསྟན་བཅོས་ངེས་ཤེས་སྒྲོན་མེར་སྙིང་ནས་དད།།


འདི་རུ་མི་མཁས་མཁས་མདོག་བྱེད་པ་ཡི།།

བྱིས་པའི་སྣང་བ་ཅུང་ཙམ་མཐོར་ཕྱིན་ཏེ།།

བདེན་པའི་གཏམ་ལ་ངོ་རྒོལ་མང་དྲགས་པས།།

དེ་ལ་གཟུ་བོའི་ལན་ཞིག་སློག་པར་མོས།།


ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ། འདིར་གང་ཞིག་ཆེད་དུ་གླེང་འདོད་པ་ནི། འདི་ནས་ཡར་བརྩིས་པའི་ཉིན་ཁ་ཤས་ཀྱི་སྔོན་དུ། ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། ལྟ་བ་སྒེར་ཚུགས་ཅན་དང་།   སྤྱོད་པ་ཞི་དུལ་ཅན་གྱི་མཁས་དབང་བླ་མ་དམ་པ་པདྨ་མཁྱེན་རབ་མཆོག་གིས། “ངེས་ཤེས་སྒྲོན་མེ་མི་ཕམ་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་མིན་ལ་དཔྱད་པ།” ཞེས་པའི་དཔྱད་བརྗོད་ཅིག་སྤེལ་ཏེ།   དེའི་ནང་དུ་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འཇམ་མགོན་མི་ཕམ་པས། དགུང་ལོ་བདུན་གྱི་ཐོག་ཏུ་བརྩམས་པ་མ་ཡིན་པའི་ལྟ་ཚུལ་ཞིག་བཏོན་པ་ལ། བསམ་བློའི་ན་མ་སྨིན་པ་ཁ་ཅིག་གིས། དེ་ལ་ཚུགས་རྐང་ཐུབ་པའི་ལུང་རིགས་ཀྱི་རྒྱབ་ལྗོངས་གང་ཡང་མེད་པར། དོན་གྱིས་སྟོང་པའི་འབྲེལ་མེད་ཚིག་འཁྲི་སྐམ་པོ་འབའ་ཞིག་མཐར་ཆགས་སུ་བསྒྲིགས་ཏེ། རྟགས་ཆོས་ཀྱི་ཁྱབ་འབྲེལ་ལ་གཞི་ནས་མ་བསམ་པར། འབྲེལ་མེད་ཐལ་ཉོག་གི་འཁོར་ལོ་བསྐོར་རྐྱང་བྱས་ཤིང་། རང་སྣང་མཐོན་པོའི་ཆང་གིས་རབ་ཏུ་མྱོས་ཏེ། གནས་མ་ཡིན་པ་ལ་བཟི་གཏམ་དགོད་བྲོ་བ་མི་ཉུང་བ་ཞིག་བཤད་འདུག་པ་ནི། དུས་ཚོད་ཆུད་ཟོས་སུ་གཏོང་བའི་གླེང་རིན་དང་། དཔྱད་རིན་ཅི་ཡང་མེད་པའི་གཏམ་ཉོག་ཅིག་ཏུ་ཟད་མོད། འོན་ཀྱང་། བཤད་སྟངས་དེ་དང་དེའི་རིགས་ཀྱིས་ནི། གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། ལེགས་བཤད་རིན་ཐང་ཅན་ཞིག་ལ་མནར་གཅོད་ཚད་མེད་བཏང་འདུག་པས། གནས་ལུགས་གཙིགས་སུ་འཛིན་པའི་མི་བུ་ཞིག་དང་། དམ་པའི་ལེགས་བཤད་ལ་གཅིག་ཏུ་གུས་པ་ཞིག་ཡིན་ཕྱིན་ཆད། དེ་ལ་ཅིས་ཀྱང་གཟུ་བོའི་གཞུ་མོར་ལུང་རིགས་ཀྱི་མདའ་དྲངས་ཏེ། དམིགས་འབེན་ལ་གནད་དུ་ཕིགས་པའི་ལན་ཞིག་སློག་འོས་པ་ནི། གཟུར་དུ་མེད་པའི་འགན་འཁྲི་ཞིག་ཅིས་མ་ཡིན། གནས་བབས་དེ་དང་བསྟུན་ཏེ། ངས་ཀྱང་དེའི་ཕྱོགས་ལ་རང་གི་ལྟ་ཚུལ་དང་བསྲེས་ཏེ་ཉམས་མཚར་གྱི་ཚུལ་དུ། ཚིག་ཉུང་ངུའི་ངག་གིས་གྲོས་འདེབས་ཤིག་བྱ་བ་ལགས་ན། དེ་ལ་ཁོང་ཁྲོ་བ་དང་སྡང་སེམས་མེད་པར་གུ་ཡངས་སྒམ་དཀྱེལ་གནང་བའི་རེ་བ་སྙིང་ལ་ལྕིའོ།།


(འདིར་ཐོག་མར་དཔྱད་གླེང་གི་སྔོན་འགྲོའི་ཚབ་ཏུ་གསལ་བཤད་ཅིག་བྱེད་པར་འདོད་དེ། འོག་ནས་འབྱུང་བའི་ཕྱོགས་སྔའི་འདོད་པ་དྲངས་པ་ཡོད་ཚད་ཀྱི་ཚིག་དོན་གཉིས་ཀ  རྩོམ་པ་པོ་རང་གིས་ཇི་ལྟར་གསུངས་པ་རང་སར་བཞག་པ་ལས།  དེ་ལ་རྫུན་དང་གཡོ་སྒྱུས་ངོ་བོ་གཞན་ཞིག་ཏུ་བསྒྱུར་ཐབས་ཀྱིས། ཚིག་དོན་འཕྲི་སྣོན་སོགས་གང་ཡང་བྱས་མེད་ཅིང་།  ཕྱོགས་སྔའི་འདོད་པ་ཡོད་ཚད་མཚོན་རྟགས་“”འདིའི་ནང་དུ་འཁོད་པར་བྱས་ཡོད་དོ།།)


     དེ་ཡང་མདོ་སྔགས་ཡོངས་ཀྱི་དཀའ་གནད་སློང་བའི་གཞུང་ཆེན་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། འཇམ་མགོན་མི་ཕམ་པས་དགུང་ལོ་བདུན་གྱི་ཐོག་ཏུ་བརྩམས་པའི་སྒྲུབ་བྱེད་ལྔ་བཀོད་འདུག་སྟེ། སྤྱིར་ན་སྒྲུབ་བྱེད་ལྔ་པོས་དོན་ངོ་མར་ཅི་ཞིག་བཤད་ཀྱི་ཡོད་མེད་ནི། རྗོད་བྱེད་ཀྱི་ཚིག་རྣམས་བརྡ་སྤྲོད་ཀྱི་འགྲོ་ཕྱོགས་སྣང་མེད་དུ་གཡུགས་ཤིང་བོར་ཏེ། ཁ་ཆག་སྣ་རལ་དུ་སོང་བ་མང་དྲགས་པས་གཞན་གྱིས་ལྟ་ཅི། རྩོམ་པ་པོ་རང་གིས་ཀྱང་གསལ་པོར་མི་ཤེས་པའི་ཚོད་དུ་འདུག་པས། ངས་ཀྱང་གསལ་པོ་ཞིག་ག་ལ་གོ   ཡིན་ཡང་། རགས་རིམ་རེ་གོ་བ་དག་ནི་མཁས་པས་མཐོང་ན་ཁོང་དགོད་བྱེད་ཅིང་། རང་བཞིན་གྱིས་ཤེས་རྟོགས་དམའ་བའི་མི་ཞིག་དང་། མཐའ་ན་ཁྱབ་པའི་བརྩི་ཚུལ་ཙམ་ཤེས་པའི་བྱིས་པ་ཞིག་གིས་བལྟས་ནའང་། ཚད་ལས་བརྒལ་བའི་བཤད་ཡམས་ཚབས་པོ་ཆེ་ཞིག་ཏུ་མཐོང་བ་ནི་གོར་མ་ཆག་པ་ཞིག་སྟེ།   


     འདི་ལྟར་རིགས་པ་དང་པོ་ནི། ཁོ་ན་རེ། ༡༽“མདོ་སྔགས་ཀྱི་ལྟ་གྲུབ་ཟབ་གནད་སྟོན་པའི་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པ་ཐལ། འཇམ་མགོན་མི་ཕམ་རིན་པོ་ཆེ་འཁྲུངས་མ་ཐག་ཏུ་བསྟན་བཅོས་ཀྱི་རྩལ་ཡོངས་སུ་རྫོགས་པའི་ཆེ་བ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། དེ་ལྟར་ཡིན་པ་ཐལ། འཇམ་པའི་དབྱངས་མིའི་གཟུགས་སུ་མངོན་སུམ་དུ་བྱོན་པ་གང་ཞིག་ལ། འཕགས་པ་ཡིན་པའི་ཕྱིར།” ཞེས་ཟེར་རོ། །དེ་ལ་འདི་འདྲི་སྟེ། འཇམ་མགོན་མི་ཕམ་རིན་པོ་ཆེ་འཁྲུངས་མ་ཐག་ཏུ་བསྟན་བཅོས་ཀྱི་རྩལ་ཡོངས་སུ་རྫོགས་པའི་ཆེ་བ་ཡོད་ན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པས་ཁྱབ་པ་ཇི་ལྟར་ཡོད་དེ། དེ་ལ་ཁྱབ་མེད་ཀྱི་ལན་རྣལ་མ་ཞིག་ཐེབས་པ་མ་ཡིན་ནམ། ད་རུང་ཁོས་དེ་མ་ཐག་ཏུ་རྟགས་སྒྲུབ་ཀྱི་རིགས་པ་འདི་ལྟར་བཏང་འདུག་སྟེ། “དེ་ཆོས་ཅན། དེ་ལྟར་ཡིན་པ་ཐལ། འཇམ་པའི་དབྱངས་མིའི་གཟུགས་སུ་མངོན་སུམ་དུ་བྱོན་པ་གང་ཞིག་ལ།   འཕགས་པ་ཡིན་པའི་ཕྱིར།” ཞེས་ཟེར་བ་ནི་ངུ་བྲོ་བའི་གཏམ་སྟེ།   མདོ་སྔགས་ཀྱི་ལྟ་གྲུབ་ཟབ་གནད་སྟོན་པའི་བསྟན་བཅོས་ངེས་ཤེས་སྒྲོན་མེ་འཇམ་པའི་དབྱངས་མིའི་གཟུགས་སུ་མངོན་སུམ་དུ་བྱོན་ཅིང་འཕགས་པ་ཞིག་ཏུ་ཁས་བླངས་འདུག་པས་སོ། །ཧ་ཧ། ཁྱོད་ལྟར་ན། བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། སྒྲ་མ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར་ཏེ། འཕགས་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས་སོ།།   


     རིགས་པ་གཉིས་པ་ནི། ཁོ་ན་རེ། ༢༽“བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པར་ཐལ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་འཇམ་དཔལ་དབྱངས་དང་ཡོན་ཏན་གཉིས་སུ་མེད་པར་རྫོགས་པར་གསུངས་པའི་ཕྱིར། རྟགས་མ་གྲུབ་ན།” ཞེས་སོགས་ཟེར་རོ། །དེ་ལ་ཡིག་ནོར་མང་དྲགས་པས་ཐད་ཀར་གོ་དཀའ་བར་འདུག་མོད། ཞིབ་ཏུ་བསམས་ན་ཅུང་གོ་བར་འདུག ཡིན་ཡང་། དེ་ཡང་ཁྱབ་མེད་ཀྱི་གཏན་ཚིགས་ཤིག་སྟེ། དེ་ལྟར་ན། རྣམ་འགྲེལ་ལེགས་བཤད་བཤད་སྣང་གཏེར་ཡང་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པར་ཐལ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་འཇམ་པའི་དབྱངས་དང་ཡོན་ཏན་གཉིས་སུ་མེད་པར་རྫོགས་པར་གསུངས་པའི་ཕྱིར། ཞེས་འཕངས་ན་ཅི་ཟེར། ཁྱབ་པ་ནི་ཁས་བླངས་པས་གྲུབ་ལ། རྟགས་ནི་རིགས་མཚུངས་ཀྱིས་གྲུབ་བོ། །གལ་ཏེ་འདོད་ན། རྣམ་འགྲེལ་ལེགས་བཤད་སྣང་གཏེར་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་མ་ཡིན་པར་ཐལ། དགུང་ལོ་ཞེ་གཅིག་པར་བརྩམས་པའི་ཕྱིར།   དེར་ཐལ། རང་གི་མཛད་བྱང་དུ།[༡] "ཚད་མའི་གཞུང་གི་དོན་གྱི་གནད་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པའི་བློ་དང་ལྡན་པ། འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས། རང་ལོ་ཞེ་གཅིག་པ་རབ་ཚེས་མི་ཟད་པའི་ལོའི་ཐ་སྐར་ཟླ་བའི་ཚེས་བཅུ་ནས་བརྩམས་སྔ་དྲོ་བཤད་པ་དང་།  ཕྱི་དྲོ་འགྲེལ་པ་འབྲི་བ་སྦྲགས་མའི་ཚུལ་གྱིས།" ཞེས་གསུངས་པའི་ཕྱིར། འཁོར་གསུམ་དངོས་སོ།།


     རིགས་པ་གསུམ་པ་ནི། ཁོ་ན་རེ། ༣༽ “བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པ་ཐལ། རང་ལོ་ཤིན་ཏུ་གཞོན་པའི་རྩེད་འཇོ་རོལ་བའི་དུས་སུ་བརྩམས་པ་ཡིན་པའི་ཕྱིར།   རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཉིད་ཀྱི་བསྟན་བཅོས་རྩ་བ་རང་གི་འཇུག་ཏུ་ཆེས་ཤིན་ཏུ་གསལ་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས། རྩེད་འཇོའི་རོལ་བ་དྷཱིཿམིང་ཅན་གྱིས་སྤེལ། ཞེས་གསུང་བ་ལྟར་གྲུབ་པའི་ཕྱིར།” ཞེས་ཟེར་བ་འདི་ལ་ལྟོས་དང་། འདི་འདྲའི་ཚིག་ཁ་ཤས་ཤིག་གི་ནང་དུ་ཡིག་ནོར་ག་ཚད་ཅིག་ཤོར་འདུག ད་རུང་གཞན་གྱི་ལྟ་ཚུལ་ལ་དགག་རྩོམ་འབྲི་བའི་སྦྱོར་བ་ལྷུར་ལེན་ཕོད་པའི་སྙིང་སྟོབས་ནི་གཟི་བརྗིད་ཅིག་ཅི་ལ་མིན་ཨང་། ཨ་ཙི། དེའི་ཚུལ་ཞིབ་ཏུ་བསམས་དུས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས།[༢] "ཡིག་གཟུགས་ལེགས་པར་མ་སྦྱངས་ཤིང་། །བརྡ་དག་ཞིབ་ཏུ་མ་བསླབ་པར། །འབྲི་དང་རྩོམ་པའི་ཁུར་ལེན་པ། །རང་སྐྱོན་གཞན་ལ་ངོམས་པར་ཟད།།" ཅེས་གསུངས་པའི་དཔེ་རུ་མི་འགྱུར་བའི་ངེས་པ་མི་འདུག་གོ །གཏན་ཚིགས་དེ་ཡང་མ་ངེས་པའི་གཏན་ཚིགས་ཤིག་སྟེ། གལ་ཏེ་འཇམ་མགོན་མི་ཕམ་པས་བསྟན་བཅོས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་ཉིད། རང་ལོ་ཤིན་ཏུ་གཞོན་ཞིང་རྩེད་འཇོའི་རོལ་པའི་དུས་སུ་བརྩམས་པ་ཡིན་དུ་ཆུགས་ཀྱང་། དེ་ཙམ་གྱིས་མཐའ་གཅིག་ཏུ་དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པའི་ཁྱབ་པ་ག་ལ་འགྲུབ་སྟེ། དེ་སྐད་དུ་སྨྲ་བ་ནི་བློ་དང་ལྡན་པ་རྣམས་ཞེ་ཁྲེལ་བའི་རྒྱུ་ལས་མ་འདས་སོ། །གལ་ཏེ་དེ་ལ་ཁྱབ་པ་ཡོད་ན། བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་གཅིག་དང་གཉིས་སོགས་ཀྱི་ཐོག་ཏུ་བརྩམས་པར་ཐལ། རང་ལོ་ཤིན་ཏུ་གཞོན་ཞིང་རྩེད་འཇོའི་རོལ་པའི་དུས་སུ་བརྩམས་པའི་ཕྱིར། ཁྱབ་པ་འགྲིག   གནད་དོན་དེ་ལ་དགོངས་ནས་མཁན་ཆེན་བླ་མ་དམ་པ་པདྨ་མཁྱེན་རབ་ཞབས་ཀྱིས་ཀྱང་། དཔྱད་རྩོམ་རང་ལས།[༣] "དེ་ནི་ཞིབ་ཏུ་མ་བསམ་པ་སྟེ། དེ་ལྟར་ན་དགུང་ལོ་བདུན་གྱི་དུས་འདི་རང་ལོ་ཤིན་ཏུ་གཞོན་ཞིང་། ཞེས་སོགས་སྔ་ནས་བརྩམས་པར་གསུངས་ན། སྐྱེས་མ་ཐག་པའམ་དགུང་ལོ་གཅིག་གཉིས་སོགས་ཀྱི་ཐོག་ཏུ་བརྩམས་པར་ཐལ་བའི་ཕྱིར།   བླ་མ་ལ་དད་པ་ཡོད་ན་བསྟོད་པ་བྱེད་དགོས་ཀྱང་ཐལ་ཆེ་ན།   ཕྱར་ཆེ་ན་གཏོར་མ་ལྟག་ཁུང་དུ་ལྷུང་འགྲོ་བའི་ཕྱིར།" ཞེས་གསུངས་པ་འདི་ནི་ཐུགས་རབ་ཏུ་མད་པའི་ལེགས་བཤད་ཅིག་གོ །ད་རུང་ཡང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་མཇུག་ཏུ།[༤] "རྩེད་འཇོའི་རོལ་པས་དྷཱིཿ  མིང་ཅན་གྱིས་སྤེལ།།» ཅེས་གསུངས་པ་འདི་ཉིད་དེ་སྔ་སུས་ཀྱང་མ་མཐོང་བ་ཞིག་དང་།  དེ་སྔ་སུས་ཀྱང་མ་ཐོས་པ་ཞིག་ཁོ་བོས་མཐོང་སོང་མདོག་གིས། རྫིག་ཉམས་བསྟན་ཏེ་སྒྲུབ་བྱེད་དུ་དྲངས་ནས་སྨྲ་བར་བྱེད་མོད། དེ་ནི་ཇི་སྐད་དུ། དྲན་དབང་ཤཱ་ས་ནའི་མཚན་ཅན་གྱི་ཞལ་སྔ་ནས།[༥] "རྗེས་སུ་བསྟན་བཅོས་རྩོམ་པར་འདོད་པ་རྣམས་ནས། དཀའ་གནད་ཀྱི་གོ་དོན་འཁྲོལ་བའི་དོན་འདྲ་སྟོན་རྒྱུ་མཆིས་ན་མ་གཏོགས། ལུང་གི་རྒྱབ་ལ་ལུང་མང་དུ་སྤུངས་པ་ཙམ་ཡིན་ན། སྣག་ཤོག་མ་གྲོན་ན་ལེགས་ཏེ། ལུང་དེ་རྣམས་ཡོད་པ་སྔ་མོ་ནས་མང་པོས་ཤེས་པས། ངས་བསྟན་བཅོས་བརྩམས་པར་བྱས་སོ་ཞེས་ཡུས་ཆེ་ཙམ་དུ་འགྱུར་བར་ཟད་དོ།།" ཞེས་གསུངས་འདུག་པ་འདིས། ད་སྐབས་གློ་བུར་དུ་ཁྱོད་ལ་གནད་དུ་ཁེལ་བའི་འགྲམ་ལྕག་ཚ་བེར་བེར་ཞིག་གཞུས་པ་རེད་འདུག ཧ་ཧ། ད་རུང་ཡང་ཁོ་ན་རེ། “རྩེད་འཇོའི་ཞེས་པའི་དོན་ནི། ཆུང་ཆུང་བྱིས་པའི་སྐབས་ཀྱི་རྩེད་འཇོ་ལ་རོལ་བ་དང་། ཆུ་བོ་ལ་རོལ་བ་ལ་སོགས་ལ་གོ །གལ་ཏེ་དེ་ལྟར་མ་ཡིན་ན་རྩེད་འཇོའི་ཞེས་པ་ཇི་ལྟར་འགྲེལ་བསམ་པར་གྱིས་ཤིག །”ཅེས་ངེས་སྒྲོན་གྱི་མཇུག་ཏུ།[༦] "རྩེད་འཇོའི་རོལ་པས་དྷཱིཿ  མིང་ཅན་གྱིས་སྤེལ།།" ཞེས་པའི་ཚིག་ཟུར་གྱི་རྩེད་འཇོའི་དོན་ལ་འགྲེལ་བཤད་དེ་ལྟར་བསྐྱོན་འདུག་ཅིང་། སྤྱིར་ན། དེང་སང་གི་ཚིག་མཛོད་ཆེན་མོ་ཁ་ཤས་ནང་དུའང་རྩེད་འཇོ་ཞེས་པའི་དོན་ཧ་ལམ་དེ་ལྟར་བཤད་འདུག ཡིན་ན་ཡང་། སྤྱིར་རྩེད་འཇོ་ཞེས་པ་དང་དམིགས་བསལ།[༧] "རྩེད་འཇོའི་རོལ་པས་དྷཱིཿམིང་ཅན་གྱིས་སྤེལ།།" ཞེས་པའི་ཚིག་ཟུར་གྱི་རྩེད་འཇོ་ཞེས་པ་འདི་གཉིས་ཀྱི་དོན་ཅུང་མི་འདྲ་བ་ཞིག་ཏུ་སྣང་སྟེ། སྔ་མའི་དོན་ཁྱོད་ཀྱིས་བཤད་པ་ལྟར་ཡིན་དུ་ཆུགས་ཀྱང་། ཕྱི་མ་ནི་ཁྱོད་ཀྱིས་བཤད་པ་ལྟར། “ཆུང་ཆུང་བྱིས་པའི་སྐབས་ཀྱི་རྩེད་འཇོ་ལ་རོལ་བ།” ཞེས་པའི་དོན་གཏན་མ་ཡིན་གྱི། རྣམ་དཔྱོད་བློ་ཡི་རྩེད་འཇོ་འམ་བློ་གྲོས་ཀྱི་འཇུག་པ་མྱུར་བ་ཞེས་པའི་དོན་ནོ། །དེ་ལྟར་ཡིན་ཏེ། བསྟན་བཅོས་རང་གི་མཇུག་ཏུ།[༨] "ཡིད་ཀྱི་མེ་ལོང་ངོས་ལ་ཇི་ཤར་བཞིན།  །རྩེད་འཇོའི་རོལ་པས་དྷཱིཿམིང་ཅན་གྱིས་སྤེལ།།" ཞེས་པའི་ཐད་ཀྱི་མཉམ་མེད་རྒྱལ་བ་ཀཿ ཐོག་པའི་རྒྱུད་སྡེའི་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་འགྲེལ་པར།[༩] "ཟབ་རྒྱས་ཀྱི་དོན་ལ་ཇི་བཞིན་རྟོག་མེ་ལོང་དྲི་མ་མེད་པའི་ངོས་ལ་ཇི་ལྟར་ཤར་བ་བཞིན་དུ།   རྣམ་དཔྱོད་བློ་ཡི་རྩེད་འཇོའི་རོལ་པས་དྷཱིཿམིང་ཅན་གྱིས་ཏེ།  བློ་གྲོས་དྲི་མེད་ཀྱིས་ལེགས་པར་ཡང་དག་པར་སྤེལ་བའོ།།" ཞེས་གསུངས་པ་ལྟར་རོ། །དེས་ན་ངས་ནི། སྐབས་བབས་ཀྱི་རྩེད་འཇོ་ཞེས་པའི་དོན་འགྲེལ་ཚེ། རིགས་པའི་རྒྱབ་ལྗོངས་ཀྱིས་ཟིན་པའི་ལུང་བཙན་པོ་དེ་ལ་བརྟེན་ནས་དེ་སྐད་དུ་སྨྲའོ།།


     རིགས་པ་བཞི་པ་ནི། ཁོ་ན་རེ། ༤༽ “བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་བདུན་གྱི་ཐོགས་ལ་བརྩམས་པ་ཡིན་པ་ཐལ། སྔ་རྩོམ་བསྟན་བཅོས་ངེས་སྒྲོན་ཡིན་པ་གང་ཞིག་ལ། སྐད་ཅིག་གཅིག་གིས་ངང་ལ་ཤར་རྩོམ་སྟན་མར་བྲིས་པ་ཡིན་པའི་ཕྱིར།” ཞེས་ཟེར་བའི་ཚིག་ཉུང་ཉུང་འདིའི་ནང་དུའང་ཞིབ་ཏུ་བརྟགས་ན་ཡིག་ནོར་དང་།  ཡི་གེ་ཆད་པ་སོགས་ཀྱི་སྐྱོན་རབ་ཏུ་མང་བས། ཕལ་ཆེར་ཞུ་དག་བྱེད་མི་བཏུབ་པའི་ཚོད་དུ་ལྷུང་འདུག་ལ།   དོན་ལ་ཡང་ཁྱབ་མེད་ཀྱི་སྒྲུབ་བྱེད་ཅིག་ཡིན་པར་གསལ་བར་བཤད་ག་ལ་དགོས། མ་གྲུབ་པའི་གཏན་ཚིགས་ཤིག་ཀྱང་ཡིན་པར་ངེས་ཏེ། འཇམ་མགོན་མི་ཕམ་པས་བསྟན་བཅོས་ངེས་ཤེས་སྒྲོན་མེ་སྟན་གཅིག་ཏུ་བྲིས་པ་བདེན་མོད།   ཡིན་ན་ཡང་། སྐད་ཅིག་གཅིག་གི་ཡུན་ལ་བྲིས་སོ་ཟེར་བ་འདི་ཅི་ཞིག བྱ་རྫོགས་སྐད་ཅིག་མ་ལ་ཟེར་རམ། དུས་མཐའི་སྐད་ཅིག་མ་ལ་ཟེར། དང་པོ་ལྟར་ན། བདེན་ལ།   གཉིས་པ་ལྟར་ན། འགྲོ་བ་མིའི་རྣ་བར་མི་འགྲོ་བའི་སྐྱག་རྫུན་ཞིག་གམ། བླ་མ་ལ་དད་པ་ཆེ་མདོག་གིས་དོན་ལ་མི་གནས་པའི་འུད་བསྟོད་ཅིག་དང་། འཇམ་མགོན་མཆོག་ལ་བཙན་གྱིས་ཞྭ་མོ་གཡོགས་པ་མིན་ན་ཅི་ཡིན། དེ་ལ་དགོངས་ནས་མཁན་ཆེན་མཆོག་གིས། དཔྱད་རྩོམ་རང་གི་ནང་དུའང་།[༡༠] "ཚིག་དོན་ཤིན་ཏུ་ཟབ་ཅིང་མདོ་སྔགས་ཡོངས་ཀྱི་དཀའ་བའི་གནད་སློང་བའི་གཞུང་ཆེན་འདི་ལྟ་བུ་ཞིག་དགུང་ལོ་ཆུང་ཞིང་སློབ་གཉེར་གསར་བའི་ཚེ་སྟན་གཅིག་ཏུ་བྲིས་པ་དེས་ཆོག་གི  ཡིན་གཅིག་མིན་གཅིག་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་དགོས་པའི་ངེས་པ་ཅིའང་མེད་དོ། །དེས་ན་བློ་ཡུལ་དུ་གཏན་ནས་མི་ཤོང་ཞིང་།   ཡོངས་གྲགས་ཀྱི་རྣམ་ཐར་དུ་མི་གསལ་བའི་འུད་བརྗོད་དག་བསྒྲག་ཚོད་བཟུང་ན་དགའ་འམ་སྙམ།" ཞེས་པ་འདི་ནི་ཅི་འདྲའི་རིན་ཐང་ཅན་གྱི་ལེགས་བཤད་ཡང་དག་པ་ཞིག་རེད་ཨང་། ཡང་ཁོ་ན་རེ།   “འདིའི་ཐོག་ནས་མཁན་ཆེན་ཉིད་ཀྱིས་རང་ལོ་ལྔ་བདུན་པར་སྨྲས་པའོ། །ཞེས་པའི་མཛད་བྱང་ཁ་ཅིག་ལ་ཡོད་པ་དེ་གཞན་གྱིས་ང་ཡིག་བཅད་ནས་རང་ལོ་བདུན་པར་སྨྲས་པའོ། །ཞེས་བཅོས་པར་གསུང་འདུག་ཀྱང་། ཤིན་ཏུ་མ་ངེས་པ་སྟེ།  ཀུན་དཔལ་གྱི་ངེས་སྒྲོན་འགྲེལ་བའི་ནང་།   ངེས་ཤེས་སྒྲོན་མེ་འདི་རང་ལོ་ཤིན་ཏུ་གཞོན་པ་ཞེས་གསུང་པའི་ཕྱིར་རོ། །རང་ལོ་ཤིན་ཏུ་གཞོན་པ་ཡིན་ལ་ལོ་ལྔ་བདུན་ཅན་ཞིག་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར་རོ། དེ་བས་ན་རང་ལོ་ང་བདུན་ལྔ་བདུན་པར་སྨྲས་པའོ། །ཞེས་པ་དེ་ནི་ཁ་ཅིག་གིས་བཅོས་པ་ཡིན་པ་ཤེས་པར་བྱའོ།།" ཞེས་ཟེར་བ་འདི་ལ་ཡང་ཕྱི་མིག་ཅིག་བྱོས་དང་། རང་ལ་རྩོམ་པའི་རྨང་གཞི་གང་ཡང་མེད་པར་གཞན་གྱི་ལྟ་ཚུལ་འགོག་པའི་སྙིང་སྟོབས་དང་། དོན་ལ་མི་གནས་པའི་ང་རྒྱལ་གསལ་པོར་རིག་པར་འདུག་གོ །འདི་འདྲའི་ཡིག་ནོར་དང་། ཡི་གེ་ཆད་པ། ལྷག་པ། ཤད་ཆད་པ་སོགས་ཀྱིས་མཚོན་ཏེ། མདོར་ན་རྩོམ་ཡིག་གི་སྔ་ཕྱི་བར་གསུམ་གང་ལ་བལྟས་ནའང་སྐྱོན་གྱི་ཕུང་པོ་ཙམ་ལས། ཚིག་དོན་གང་ལའང་ལེགས་ཆ་ཞིག་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པར་འདུག་ཅེས། བཤད་ནའང་ཐལ་མི་ཆེ་བར་སེམས་སོ། །དེ་ཡང་མཁན་པོ་ཀུན་དཔལ་གྱིས་འགྲེལ་པར།   "ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་རང་ལོ་ཤིན་ཏུ་གཞོན་ཞིང་།" ཞེས་གསུངས་པ་རྒྱུ་མཚན་དུ་བྱས་ནས་ངེས་ཤེས་སྒྲོན་མེ་དགུང་ལོ་བདུན་གྱི་ཐོག་བརྩམས་པར་སྨྲ་བ་ནི། དགོད་བྲོ་བའི་གཏམ་ངན་ནུས་མེད་ཅིག་སྟེ། དེས་ནི་ངེས་ཤེས་སྒྲོན་མེ་འཇམ་མགོན་མི་ཕམ་པས་དགུང་ལོ་ཤིན་ཏུ་གཞོན་པའི་དུས་སུ་བརྩམས་པ་ཙམ་བསྟན་པ་ལས། དགུང་ལོ་བདུན་གྱི་དུས་སུ་བརྩམས་པར་མ་བསྟན་པའི་ཕྱིར་རོ། །ཡང་ཁོས། “རང་ལོ་ཤིན་ཏུ་གཞོན་པ་ཡིན་ལ་ལོ་ལྔ་བདུན་ཅན་ཞིག་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།” ཞེས་ཟེར་སྟངས་ལ་བལྟས་ན། མཁན་པོ་ཀུན་དཔལ་གྱི་འགྲེལ་པར།[༡༡] "ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་རང་ལོ་ཤིན་ཏུ་གཞོན་ཞིང་སློབ་གཉེར་གསར་བུ་བའི་དུས་ཤིག་ན་འཕྲལ་དུ་ཡིད་ལ་ཤར་རྩོམ་སྟན་གཅིག་པར་བྲིས་པ་ཡིན་མོད། དོན་ལ་འགལ་བ་མེད་ཅིང་གོ་རྒྱུ་གནད་ཅན་འདུག་པས་མ་བཅོས་པར་དེ་གར་བཞག་པ་ཡིན་ནོ།   །ཞེས་མི་ཕམ་པས་རང་ལོ་ང་བདུན་པར་སྨྲས་པ་དགེའོ།།" ཞེས་པའི་དོན་ཅི་ཡང་མ་རྟོགས་པའི་རྣམ་འགྱུར་བསྟན་པར་ཟད་དོ། །འོ་ན་དེའི་དོན་གང་ཞེ་ན།  ཞིབ་ཏུ་བཤད་པར་བྱ་སྟེ། "རང་ལོ་ཤིན་ཏུ་གཞོན་ཤིང་"ཞེས་པས་ངེས་ཤེས་སྒྲོན་མེ་བརྩམས་པའི་དགུང་ལོ་བསྟན་ལ། "རང་ལོ་ང་བདུན་པར་སྨྲས་པ་དགེའོ།།" ཞེས་པས་མཛད་བྱང་བརྩམས་པའི་དགུང་གྲངས་བསྟན་པ་ཡིན་ནོ།། དེ་ལྟར་ན་བསྟན་བཅོས་ངེས་ཤེས་སྒྲོན་མེ་ནི། འཇམ་མགོན་མི་ཕམ་པས་དགུང་ལོ་ཤིན་ཏུ་ཆུང་ཞིང་སློབ་གཉེར་གསར་བུ་བའི་དུས་སུ་སྟན་གཅིག་ཏུ་བརྩམས་ཤིང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་མཛད་བྱང་འདི་ནི། དུས་ཕྱིས་སུ་འཇམ་མགོན་མི་ཕམ་པས་རང་ལོ་ང་བདུན་ལ་ཕེབས་སྐབས་གཟོད་བརྩམས་པ་ཡིན། ཞེས་པའི་དོན་ཡིན་པར་ངེས་ཏེ།[༡༢] "དོན་ལ་འགལ་བ་མེད་ཅིང་གོ་རྒྱུ་གནད་ཅན་འདུག་པས། མ་བཅོས་པར་དེ་གར་བཞག་པ་ཡིན་ནོ།།" ཞེས་གསུངས་པས་ཀྱང་དོན་ངོ་མར་ཅི་ཞིག་བཤད་ཀྱི་ཡོད་པ་གསལ་བས་སོ། །དེའི་ཕྱིར་མཁན་ཆེན་མཆོག་ལ་དེ་འདྲའི་སྐྱོན་ཞིག་ལར་ནས་མེད་དོ། །ད་རུང་ཡང་། ཁོ་ན་རེ། “དེ་བས་ན་རང་ལོ་ང་བདུན་ལྔ་བདུན་པར་སྨྲས་པའོ། །ཞེས་པ་དེ་ནི་ཁ་ཅིག་གིས་བཅོས་པ་ཡིན་པ་ཤེས་པར་བྱའོ།།” ཞེས་ཟེར་བ་ནི་ཅི་འདྲའི་ཧམ་ཤེད་ཅན་གྱི་སྐད་ཆ་ཞིག་དང་། བཤད་ཡམས་ཚབས་པོ་ཆེ་ཞིག་རེད་ཨང་།   [༡༣]"མི་ཕམ་པས་རང་ལོ་ང་བདུན་པར་སྨྲས་པ་དགེའོ།།» ཞེས་པ་འདི་ཁ་ཅིག་གིས་བཅོས་པ་ཡིན་ནོ། །ཞེས་མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་སྨྲ་བ་ལ། གཏན་ཚིགས་མཁྲེགས་པོ་དང་། རིགས་པ་རྣོན་པོ། དེ་བཞིན་དུ།  ལུང་ཁུངས་བཙན་པོའི་རྒྱབ་སྐྱོར་ཡོད་དམ་མེད། ཡོད་ན་འདིར་ངེས་པར་དུ་དགོས་པའི་མཚམས་སུ་སླེབས་འདུག་ལ། རྒྱུ་མཚན་དང་། གནས་ལུགས་གང་ཡང་མེད་པར་རང་གར་འོལ་ཚོད་དུ་བཤད་པ་ཡིན་ན་དེ་གར་ཟད་དོ། །གལ་ཏེ་དེ་ངེས་པར་བཅོས་པ་ཞིག་ཡིན་ན། བཅོས་མཁན་དེ་ལ་སུ་ཞིག་འཇོག་རྩིས་ཡོད། རང་དང་ལྟ་ཚུལ་མི་མཐུན་པའི་མཁན་ཆེན་མཆོག་འཇོག་རྒྱུ་ཡིན་ནམ། ཡང་ན་ཅི།


     རིགས་པ་ལྔ་པ་ནི། ཁོ་ན་རེ། “བསྟན་བཅོས་ངེས་ཤེས་སྒྲོན་མེ་ཆོས་ཅན། དགུང་ལོ་བདུན་གྱི་དུས་སུ་བརྩམས་པ་ཡིན་པ་ཐལ། འཕགས་པའི་ཡུལ་གྱི་མཁས་པ་ཙནྡྲ་གོ་མཱི་དང་མཉམ་པ་གང་ཞིག་ལ། ཙནྡྲ་གོ་མཱིས་དགུང་ལོ་བདུན་གྱི་ཐོགས་ནས་བསྟན་བཅོས་བརྩམས་ཤིང་། ཕྱི་རྒོལ་གྱི་ལྟ་བ་ངན་པ་ཚར་བཅད་པའི་ཕྱིར་རོ།།" ཞེས་ཟེར་རོ། །འདི་ལ་ཡང་སྐྱོན་རབ་ཏུ་མང་སྟེ། དག་ཆས་ཕོངས་པ་དང་། རྟགས་ཆོས་གཉིས་ལ་ཁྱབ་འབྲེལ་སྤུ་རྩེ་ཙམ་ཡང་མེད་པས་བསྒྲུབ་བྱ་འགྲུབ་མི་ནུས་པ་སོགས་སོ། །འདི་ལ་དཔྱད་རིན་ཆེར་མི་འདུག་པས་དེ་ཙམ་གྱིས་འཐུས་པར་བྱས་སོ། །༸མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་བསྟན་བཅོས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འཇམ་མགོན་མི་ཕམ་པས་དགུང་ལོ་བདུན་གྱི་ཐོག་བརྩམས་པར་གསུངས་པའང་དཔྱད་གཞིའི་རིན་ཐང་ཆེ་བ་ཙམ་ལས།   གཟུ་བོའི་ལམ་ཁར་ཕྱིན་ཏེ་ཕྱིར་རྟོག་རེ་བྱས་ན་ཐད་ཀར་ཁས་ལེན་པར་མི་འོས་སོ།།

                                                              

འདིར་སྨྲས་པ།

འདི་ནི་བདེན་པའི་གཏམ་ལ་ཞབས་འདེགས་དང་།།

བབ་ཅོལ་སྨྲ་ལ་རིགས་པའི་གསལ་འདེབས་ཙམ།།

ཡིན་གཞན་ལ་བཙན་གྱིས་བསྙོན་འཛུགས་དང་།།

རང་ཉིད་གྲགས་པ་འཕེལ་ཕྱིར་གཏན་མ་ཡིན།།


གནས་ལུགས་ཧྲིལ་གྱིས་སྤངས་པའི་འཆལ་གཏམ་དང་།།

གནས་ལུགས་རྩལ་དུ་བཏོན་པའི་ལེགས་བཤད་སོགས།།

མདོར་ན་སྐད་ཆ་གང་དང་གང་ལ་ཡང་།།

དོགས་སློང་སྙིང་སྟོབས་ཡོད་པ་བསྔགས་པའི་གནས།།


ཡིན་ཡང་གཞན་གྱིས་རང་གི་ལྟ་གྲུབ་ལ།།

གཏན་ཚིགས་བཙན་པོས་དགག་བཞག་བྱས་པ་ལ།།

ལྟ་ལོག་བསྟན་དགྲའི་ཞྭ་ཆེན་གཡོགས་པ་ནི།།

དྲང་སྲོང་ཆེན་པོའི་རྗེས་འབྲངས་ག་ལ་ཡིན།།


དེ་སྐད་སྨྲས་པའི་གཏམ་གྱི་ཉེས་ཚོགས་ཀུན།།

སྙིང་ནས་དཔལ་ལྡན་བླ་མའི་དྲུང་དུ་བཤགས།།

དེ་ལས་བྱུང་བའི་རྣམ་དཀར་ཆ་ཤས་ཙམ།།

ཅི་སྟེ་ཡོད་ན་མཆོད་པའི་མེ་ཏོག་ཡིན།།


    ཞེས་པའང་ངལ་གསོའི་བར་གསེང་སྐབས་ཉམས་མཚར་ཙམ་དུ་འཆི་མེད་རིག་འཛིན་གྱིས། གདན་ས་ཆེན་མོ་ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་དུ་བྲིས་པ་དགེའོ།།


____________

དཔྱད་གཞིའི་ཡིག་ཆ།

[1] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར། དཔལ་ཡུལ་བཤད་གྲྭའི་དཔེ་ཚོགས། ཤོག་གྲངས། ༥༦༩

[༢] འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དག་ཡིག་པད་དཀར་ཆུན་པོ། དཔེ་སྐྲུན་ཁང་གསལ་ཁ་མི་སྣང་། ཤོག་གྲངས། ༢༠

[༣] མཁན་པོ་པདྨ་མཁྱེན་རབ། ངེས་ཤེས་སྒྲོན་མེ་མི་ཕམ་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་མིན་ལ་དཔྱད་པ། འཕྲུལ་དེབ། 

[༤] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༧༠

[༥] དྲན་དབང་ཤཱ་ས་ནའི་མཚན་ཅན། དཔེ་ཆའི་མཚན་མ་ངེས། ཟླ་འོད་གཞོན་ནུའི་འཁྲི་ཤིང་དུ་དྲངས། ཨེ་ཤ་ཡའི་རིག་གནས་དཔེ་སྐྲུན་ཁང་། ཤོག་གྲངས། ༢༠

[༦] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ།   ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༧༠

[༧] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༧༠

[༨] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༧༠

[༩] མཁན་པོ་ཀུན་བཟང་དཔལ་ལྡན། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༣༡༦

[༡༠] མཁན་པོ་པདྨ་མཁྱེན་རབ། ངེས་ཤེས་སྒྲོན་མེ་མི་ཕམ་དགུང་ལོ་བདུན་གྱི་ཐོག་བརྩམས་པ་ཡིན་མིན་ལ་དཔྱད་པ། འཕྲུལ་དེབ།

[༡༡] མཁན་པོ་ཀུན་བཟང་དཔལ་ལྡན།  ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས།  ༣༡༧

[༡༢] མཁན་པོ་ཀུན་བཟང་དཔལ་ལྡན། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད། ཡ་ཆེན་སྔ་འགྱུར་དཔེ་ཚོགས། ཤོག་གྲངས། ༣༡༧

[༡༣] མཁན་པོ་ཀུན་བཟང་དཔལ་ལྡན། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྒོ་འབྱེད། ་ཆེན་སྔ་འགྱུར་དཔེ་ཚོགས།   ཤོག་གྲངས། ༣༡༧

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།