རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 19 July 2021

༄༅། །རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་འདེབས་པ་དགེ་ལེགས་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

མཛད་པ་པོ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན།

ཧཱུྃ་ཊཱཾ་གདུང་སྲས་ནམ་མཁའ་རྡོ་རྗེ་རིན་པོ་ཆེས་འོས་སྦྱོར་གནང་།



༄༅། །ན་མཿཤྲཱི་བཛྲ་གུ་རུ་ཝེ།

རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་འདེབས་པ་

དགེ་ལེགས་འབྱུང་གནས་ཞེས་བྱ་བ། 

རྗེ་བཙུན་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།


གང་ཞིག་འགྱུར་མེད་ཡོངས་གྲུབ་ཆོས་ཀྱི་དབྱིངས།།

ཤེས་བཅུ་རྣམ་དག་རང་བྱུང་ཡེ་ཤེས་ལྔ།།

དོན་དམ་འགོག་བདེན་མཁའ་ཁྱབ་བརྙེས་པ་ཡི།།

པད་མ་བཟང་པོ་ཐོད་འཕྲེང་རྩལ་ལ་འདུད།།


དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ།།

རྡུལ་དང་སྐད་ཅིག་རྣམ་ཤེས་རྟེན་འབྲེལ་ལས།།

གདོད་མ་ཉིད་ནས་རབ་འདས་རྟག་པའི་སྐུ།།

མངོན་དུ་མཛད་པ་དེ་ལ་ཕྱག་འཚལ་ལོ།།


དོན་དམ་ཆོས་སྐུའི་ཡོན་ཏན་སྟོབས་ལ་སོགས།།

གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ།།

མཁའ་ཁྱབ་དབྱེར་མེད་གདོད་ནས་རྟག་བཞུགས་རྣམས།།

ཁྱེད་སྐུས་མངོན་དུ་མཛད་ལ་སྐྱབས་སུ་མཆི།།


མཐའ་གཉིས་མཐའ་བཞི་མཐའ་བརྒྱད་ལ་སོགས་པའི།།

སྐྱོན་རྣམས་ཀུན་དང་གདོད་ནས་བྲལ་བའི་གཞི།།

དབུས་མ་བར་མ་ཕུང་པོ་གསུམ་པའི་མཆོག།

མ་ནིང་གོ་འཕང་བརྙེས་པ་ཁྱེད་ལ་འདུད།།


བདུད་དང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི།

སྒྲིབ་ཀུན་ལས་གྲོལ་སྐུ་བཞི་རྡོ་རྗེ་བཞི།།

མངོན་དུ་མཛད་ནས་སྣ་ཚོགས་སྤྲུལ་པའི་སྐུ།།

གཞན་དོན་མཛད་པ་ཁྱེད་ལ་སྐྱབས་སུ་མཆི།།


རྣམ་ཐར་སྒོ་བཞི་ཚངས་པའི་གནས་བཞི་དང་།།

བསྙེན་སྒྲུབ་རྣམ་བཞིའི་རྡོ་རྗེ་རྣལ་འབྱོར་བཞི།།

གནས་སྐབས་རིགས་བཞིའི་ཀུན་རྟོག་ཀུན་བསལ་ནས།།

འགྱུར་མེད་དགའ་བཞི་བརྙེས་པ་ཁྱེད་ལ་འདུད།།


རླུང་སེམས་འཕོ་བའི་བག་ཆགས་རབ་འགགས་ནས།།

འཕོ་མེད་ཆགས་ཆེན་བདེ་བ་ཆེན་པོ་ཡིས།།

ས་ལམ་ཀུན་བགྲོད་ཡོན་ཏན་མ་ལུས་རྫོགས།།

འཕྲིན་ལས་མཁའ་ཁྱབ་མངའ་བ་ཁྱེད་ལ་འདུད།།


བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན།།

དོན་དམ་ཆོས་སྐུ་དབུལ་བོའི་གཏེར་ཆེན་བཞིན།།

ཀུན་ལ་ཁྱད་མེད་རྟག་ཏུ་བཞུགས་པ་སྟེ།།

ཁྱེད་ཀྱིས་མངོན་སུམ་ཉིད་དུ་མཛད་པ་ལགས།།


འབྲས་མཆོག་ཅན་གྱི་ལྗོན་ཤིང་མཆོག་བསྐྱེད་བཞིན།།

དགེ་ཚོགས་རླབས་ཆེན་ཡུན་རིང་ལེགས་བསྒྲུབས་པས།།

རྣམ་སྨིན་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན།།

གཟུགས་སྐུ་ཕུན་ཚོགས་བརྙེས་པ་ཁྱེད་ལ་འདུད།།


ཁྱོད་ཀྱིས་རྣམ་དག་ཚོགས་གཉིས་ལེགས་བསྒྲུབས་པས།།

སྐུ་གཉིས་ལེགས་ཐོབ་དོན་གཉིས་མཐར་ཕྱིན་པ།།

རྩོད་མེད་ཡོངས་གྲགས་པད་མ་འབྱུང་གནས་དཔལ།།

མགོན་སྐྱབས་དམ་པ་ཁྱེད་ལ་སྐྱབས་སུ་མཆི།།


དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང་།།

བདག་གིར་མ་བཟུང་མཆོད་རྫས་བཟང་དགུ་རྣམས།།

ཡོན་གནས་དམ་པ་ཁྱོད་ལ་མཆོད་པ་འབུལ།།

གཞན་གྱི་དོན་སླད་བརྩེ་བས་བཞེས་སུ་གསོལ།།


ཐོག་མེད་དུས་ནས་མ་རིག་དབང་སོང་བས།།

ཆོས་དང་འགལ་བས་བྱ་བ་སྣ་ཚོགས་བགྱིས།།

རང་གནོང་འགྱོད་པས་དེ་ཀུན་ཁྱེད་ལ་བཤགས།།

མྱུར་བ་ཉིད་དུ་དག་པར་མཛད་དུག་གསོལ།།


དགེ་བ་ཀུན་ལ་དགའ་བས་རྗེས་ཡི་རང་།།

ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།།

ཡུན་རིང་བཞུགས་ནས་གང་གིས་གང་འདུལ་བའི།།

ཕྲིན་ལས་ཕུན་ཚོགས་མཛད་པར་གསོལ་བ་འདེབས།།


བདག་ཅག་ལ་སོགས་སེམས་ཅན་ཐམས་ཅད་ཀྱིས།།

འཁོར་བ་སྡུག་བསྔལ་ཉིད་དུ་ཤེས་པ་དང་།།

དེ་རྒྱུ་ཀུན་འབྱུང་དབུགས་དང་ལྷན་ཅིག་ཏུ།།

མྱུར་བར་འགགས་པའི་ལམ་མཆོག་སྩལ་དུ་གསོལ།།


སྐུ་གསུང་ཐུགས་ཀྱིས་མྱུར་བར་བྱིན་བརླབས་ནས།།

དོན་མེད་བྱ་བ་ཐམས་ཅད་རབ་སྤངས་ཏེ།།

བསམ་རྒྱུ་བསྒྲུབ་རྒྱུ་ཆོས་ལས་མེད་པ་དང་།།

ཆོས་མཆོག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།།


ཁྱེད་ཀྱི་སྐུ་མཆོག་མྱུར་དུ་མཐོང་བ་དང་།།

གསུང་མཆོག་ཐོས་ཤིང་ཐུགས་མཆོག་ཡེ་ཤེས་མཆོག།

མྱུར་དུ་ཕེབས་པའི་དབང་བསྐུར་མཆོག་སྩོལ་ནས།།

ས་བཅུ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།།


སྲིན་པོ་རྣམས་ལ་ཇི་ལྟར་མཛད་པ་བཞིན།།

བསྟན་དགྲ་བསྟན་བཤིག་དམུ་རྒོད་མ་རུངས་པ།།

གདུག་པ་ཅན་རྣམས་ཁྱེད་ཀྱི་མཐུ་རྩལ་གྱིས།།

རབ་ཏུ་བཏུལ་ནས་ཆོས་ལ་དགོད་དུ་གསོལ།།


དེ་མིན་དེར་འཛིན་ཕྲ་མ་སྔ་བཙན་གྱི།།

ཆོས་མིན་ཆོས་ལྟར་བཅོས་པའི་སྟོབས་འཕེལ་ནས།།

ཡང་དག་ཆོས་ལ་སྡང་ཞིང་སྨོད་པ་རྣམས།།

ཁྱེད་ཀྱིས་ཡང་དག་ལམ་ལ་དགོད་དུ་གསོལ།།


སངས་རྒྱས་བསྟན་པ་སེང་གེ་ཁོག་པ་བཞིན།།

རང་གི་ནང་ནས་ཉམས་པར་བྱེད་པ་རྣམས།།

ཁྱེད་ཀྱིས་ཐབས་མཁས་ཐུགས་རྗེ་མཐུ་སྟོབས་ཀྱིས།།

སླར་ཡང་བསྟན་པ་སྐྱོང་བར་བྱིན་གྱིས་རློབས།།


བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ།།

སྐྱེས་མཆོག་ཁྱེད་ཀྱི་ཞབས་དྲུང་ཉེར་བསྟེན་ནས།།

ཁྱེད་གསུང་བདུད་རྩི་དཔལ་ལ་སྤྱོད་པ་དང་།།

ཁྱེད་ཀྱིས་བཀའ་བཞིན་དོན་གཉིས་འགྲུབ་གྱུར་ཅིག།


ཁྱེད་ཀྱིས་རྗེས་སུ་བཟུང་བའི་བྱིན་རླབས་ཀྱིས།།

ཁྱེད་ཀྱི་ཐུགས་དང་འགལ་བ་ཀུན་སྤངས་ཤིང་།།

ཁྱེད་ཀྱི་ཐུགས་དང་མཐུན་པ་ཀུན་བསྒྲུབས་ཏེ།།

ཁྱེད་ཀྱི་གོ་འཕང་ལྟ་བུ་མྱུར་ཐོབ་ཤོག།


ཁྱེད་ལ་དད་གུས་བགྱིས་པའི་རྟེན་འབྲེལ་གྱིས།།

ལས་རླུང་རབ་འགགས་རྣམ་ཤེས་རབ་འགགས་ཤིང་།།

ཡེ་ཤེས་རླུང་འཕེལ་ཡེ་ཤེས་རབ་འཕེལ་ནས།།

ཁྱེད་བཞིན་གཞན་དོན་རླབས་ཆེན་བྱེད་གྱུར་ཅིག།


མཐའ་ཡི་རྩ་རྣམས་རླུང་གིས་རབ་སྟོངས་ཤིང་།།

དབུ་མའི་རྩ་བཟང་རླུང་གིས་རབ་གང་བས།།

ཞུ་བདེ་འགྱུར་མེད་དགའ་བཞི་རབ་རྫོགས་ནས།།

རང་བཞིན་འགྱུར་མེད་མཁའ་ཁྱབ་ཐོབ་གྱུར་ཅིག།


ཇི་ལྟར་དེ་མ་ཐོབ་པ་དེ་སྲིད་དུའང་།།

བསླབ་གསུམ་སྡོམ་པ་གསུམ་དང་དམ་ཚིག་རྣམས།།

ཡོང་ཡེ་མི་ཉམས་ཕྱིར་ཞིང་འཕེལ་བ་དང་།།

དགེ་ཚོགས་ཐམས་ཅད་ཀུན་ནས་རྒྱས་པར་ཤོག།


གཞན་ལ་ཕན་ཕྱིར་བསོད་ནམས་ཚོགས་ཆེན་དང་།།

འགྱུར་མེད་བདེ་རྒྱས་ཡེ་ཤེས་ཚོགས་ཆེན་གྱིས།།

ལམ་མཆོག་སྒྲུབ་པའི་འགལ་རྐྱེན་མེད་པ་དང་།།

མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་གྱུར་ཅིག།


ཡོངས་གྲུབ་ཡབ་ཡུམ་དབུ་མ་ཡབ་ཡུམ་དང་།།

ཤེར་ཕྱིན་ཡབ་ཡུམ་དོན་དམ་ཡབ་ཡུམ་གྱི།།

ལྷ་ཚོགས་ཀུན་གྱི་གཟུགས་ནས་རྣམ་མཁྱེན་བར།།

རྣམ་པ་ཀུན་ལྡན་རྣམ་པ་མེད་པའོ།།


རྨི་ལམ་སྒྱུ་མ་པྲ་ཕབ་བརྒྱད་ལྟ་བུ།།

སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།

ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ།།

མཁྱེན་བརྩེ་ནུས་མཐུ་སྟོབས་དང་འཕྲིན་ལས་མཆོག།


དཔེར་བྱ་ཀུན་ལས་འདས་པ་མཁའ་ཁྱབ་ཏུ།།

གདོད་ནས་རྟག་ཏུ་བཞུགས་པའི་བྱིན་རླབས་དང་།།

དེ་དག་གཟུགས་སྐུ་རྟེན་གསུམ་བྱིན་རླབས་ཀྱིས།།

བསྔོ་བའི་རྒྱལ་པོ་མཆོག་འདི་འགྲུབ་གྱུར་ཅིག།


སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།

ཤུ་བྷཾ།



འོས་སྦྱོར་བའི་མཚམས་འཕྲིན།

༈ ཨོ་རྒྱན་ཆེན་པོའི་གསོལ་འདེབས་འདི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད། བོད་ཀྱི་མཁས་གྲུབ་མང་པོས་མཛད་པའི་གུ་རུའི་གསོལ་དེབས་གྲངས་ཀྱིས་མི་ལང་བ་ཡོད་པ་ནང་ནས། བྱིན་རླབས་དང་གྲགས་པ་ཆེ་ཤོས་གྲས་ཀྱི་གསོལ་འདེབས་ཞིག་ཡིན་པར་དམ་པ་མང་པོས་གསུངས། ང་རང་ཚོ་མང་ཆེ་བས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་གུ་རུའི་གསོལ་འདེབས་ངོ་མཚར་ཅན་འདི་འདྲ་ཞིག་བཞུགས་པ་ཙམ་ཡང་གོ་མྱོང་མེད་སྲིད། "མཐོང་ན་དགའ་བ་"ལགས་ཀྱིས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་གྱི་ལམ་ནས། དོལ་པོ་པ་རྣམས་ལ་ཡུན་རིང་ཟླ་བྲལ་དུ་འཁྱར་བའི་བུ་ཕྲུག་ལ་ཕ་མ་ངོ་སྤྲོད་པའི་ཚུལ་དུ། ལེགས་བཤད་ཀྱི་སྐྱེས་ཆེན་པོ་སྔ་ཕྱིར་རྒྱུན་མཐུད་དུ་སྤེལ་མཛད་པར་ཡི་རངས་དང་འབྲེལ། གསོལ་འདེབས་བྱིན་ཅན་དེ་དོལ་པོའི་དྲྭ་ཚོམས་འདིར་སྤེལ་ན། ལས་འཕྲོ་ཅན་མང་པོར་བྱིན་རླབས་འཇུག་པའི་རྒྱུར་འགྱུར་སྲིད་སྙམ་པའི་སྲིད་མཐའ་མ་བཀག་པའི་ཀུན་ནས་བསླངས་ཏེ་སྤེལ་བའོ།།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།