«རྡུལ་དུ་འཐག་པ།»
འདབ་ལོ་རྙིད་པོ་བྲུལ་བའི་དགུན་གསུམ་ན།།
མཚོ་མོ་དར་དུ་འཐག་པའི་སྐྱིན་ཐང་དེ།།
ལྷགས་རླུང་འུར་གྱིས་གཡུག་པའི་དོ་ནུབ་ཀྱང་།།
ཕྲག་པ་ཐུར་དུ་གློད་པའི་ཡ་ཐོད་ནས།།
མིག་ཆུའི་རྒྱུན་བུ་རྡོག་ཅིག་རྒོད་པ་ན།།
མུན་པའི་འཆིང་བ་སྡོམ་པའི་སྐེ་ཐག་ཀྱང་།།
སྣང་ཤས་ཚལ་བུར་དེངས་པའི་རྫུ་བག་རང་།།
«མུན་པའི་འོབས། སྣང་བའི་ཁམས།»
སྣང་བ་འབྱམས་སུ་ཀླས་པའི་གཞལ་ཡས་ན།།
གྲིབ་མ་ནུབ་ཏུ་བཞུད་པའི་རི་མོ་འདི།།
དབུགས་ཀྱི་རྒྱུན་བུ་འཐུ་བའི་སྟང་སྟབས་ཀྱང་།།
ཁོང་གི་མཆི་མ་ལུད་པའི་སྔ་ལྟས་སུ།།
གཉེར་རིས་ཐགས་སུ་བཀྲ་བའི་དོ་ནུབ་ཀྱང་།།
སད་པའི་རྨི་ལམ་གོ་ལྡོག་ཤོར་ས་ན།།
ལྡོག་གཟུགས་ཕྱི་རུ་འཕྲོ་བའི་གཏམ་བརྒྱུད་དེ།།
རྣ་བ་གཅེར་བུར་འགད་པའི་ཆོ་འཕྲུལ་རང་།།
སྤྱི་ལོ་ ༢༠༢༡ ལོར་རང་མལ་ནས་བྲིས།
🟦⬜🟥🟥🟩🟧 ☸️ 🟦⬜🟥🟥🟩🟧
꧁ཁོང་གི་བརྩམས་ཆོས་གཞན་ཁག꧂

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།