འཛམ་གླིང་གི་སློབ་གསོའི་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་ལས། «ཡ་ཧུ་དཱ་པའི་སློབ་གསོའི་མན་ངག»ལས་བཏུས།
ཡོང་ཁུངས། གོ་ཐེ་གེའི་རྩོམ་རིག་འཕྲིན་སྟེགས།
བྱ་སྤུས་ཕབ་བཤུས་བྱས།
"ཡ་ཧུ་དཱ་པ་རྣམས་ཀྱིས། དུས་ཚོད་འཕྲོ་བརླག་ཏུ་གཏོང་བ་ནི། ཆེས་ཆེ་བའི་ཉེས་དམིགས་སུ་བརྩི་བ་རེད། དུས་ཚོད་སྐར་ཆ་རེ་རེའི་རིན་ཐང་ནི། གསེར་ལས་ལྷག་པ་ཡིན་ཞེས་སྨྲ། དེ་ལྟར་སྨྲ་བས་མི་ཚད། སྤྱི་ཚོགས་འཚོ་བའི་ལག་ལེན་ཁྲོད་དུ། དུས་ཚོད་སྐར་ཆ་རེ་རེ་སྒོར་མོས་གོང་ཐང་གཅོད་པར་བྱེད།"
དེ་ཡང་འདི་ལྟར་ཐོས་ཏེ། ཨི་ཟེ་རིལ་གྱི་དཔེ་ཆ་ཚོང་ཁང་ཞིག་ཏུ། དཔེ་སྒྲོམ་མཐོ་ཆེ་ཕྲེང་བར་བསྟར་ཅིང་། མི་ཚོམས་མང་པོ་འདུ་འགོད་འཁྲིགས་པའི་དབུས་སུ། སྐུ་ཞབས་ཧྥེ་ལིབ་ཀྱིས་དུས་ཚོད་གཅིག་ཙམ་གྱི་ཡུན་ལ་བཙལ་མཐར། རང་ལ་དགོས་པའི་དཔེ་ཆ་དེ་རྙེད་པར་གྱུར། རྙེད་ནས་ཀྱང་ཞབས་ཞུ་བུ་མོ་བོས་ཏེ།" དཔེ་ཆ་འདིའི་རིན་གོང་སྒོར་དུ་ཡིན།" ཞེས་དྲིས་པར། ཞབས་ཞུ་བུ་མོས་"དཔེ་ཆ་འདིའི་རིན་གོང་ཨ་སྒོར་༡༠ རེད།" ཅེས་ལན་བཏབ།
སྐུ་ཞབས་ཧྥེ་ལིབ་ཀྱིས། "རིན་གོང་མཐོ་དྲགས་སོང་བས་ཅུང་ཟད་འཕྲི་གཅོག་གནང་བར་ཞུ།" ཞེས་བཤད། ཞབས་ཞུ་བུ་མོས་"སྐུ་ཞབས་ལགས། རིན་གོང་གཅོག་ཐབས་མེད།" ཅེས་ཟེར་ཞོར། དཔེ་ཆའི་རྒྱབ་ངོས་སུ་ཕབ་པའི་གོང་བཅད་ཨང་རྟགས་བསྟན། སྐུ་ཞབས་ཧྥེ་ལིབ་ཅུང་ཟད་མ་རངས་པར། "དེ་ངས་མཐོང་བྱུང་། གོང་ཐང་བཅག་ན་རང་གཞན་གཉིས་ཀར་ཕན་པ་མ་ཡིན་ནམ།" ཞེས་པས། ཞབས་ཞུ་བུ་མོས་"དཔེ་དེབ་འདིའི་རིགས་གོང་ཐང་གཅོག་རྒྱུའི་གྲས་མིན།" ཞེས་བཤད་བྱུང་།
སྐུ་ཞབས་ཧྥེ་ལིབ་ཀྱིས་བུ་མོ་འདི་ལ་གོ་བ་མི་འདུག་སྙམ་ནས། "ཡ། དེ་ནས་ཁྱོད་ཚོའི་འགན་འཛིན་པའི་མིང་ཅི་ཟེར།" ཞེས་དྲིས། "འགན་འཛིན་པའི་མིང་ལ་སྐུ་ཞབས་མར་ཁོ་འབོད་ཀྱི་ཡོད།" "འོ་ན་ཁྱོད་ཀྱིས་སྐུ་ཞབས་མར་ཁོ་བོས་ཤོག་དང་།" "འགན་འཛིན་མར་ཁོ་ཡིས་ད་ལྟ་རང་འབབ་ཀྱི་བྱ་བ་སྒྲུབ་སྒང་ཡིན་པས་ཁོམ་པ་མེད་ལས་ཆེ།" "ཁྱོད་ཀྱིས་ཁོ་རང་བོས་ཤོག་དང་ང་ལ་སྐད་ཆ་ཚིག་འགའ་བཤད་རྒྱུ་ཡོད།" "ཁོ་རང་བོས་ཡོང་ནའང་དཔེ་ཆའི་རིན་གོང་ལ་འགྱུར་ལྡོག་ཅི་ཡང་ཡོད་པ་མ་ཡིན།" སྐུ་ཞབས་ཧྥེ་ལིབ་གཞི་ནས་ཁོང་ཁྲོས་པར་གྱུར་ཏེ། "ཁྱོད་ཀྱིས་ཁོ་རང་མི་འབོད་ན་ངས་སྐད་ཅོར་རྒྱག་ངེས་ཡིན།" ཞེས་ལབ་པས། བུ་མོ་དེས་འགན་འཛིན་མར་ཁོ་བོས་མི་ཡོང་ཀ་མེད་བྱུང་།
སྐུ་ཞབས་ཧྥེ་ལིབ་ཀྱིས། "སྐུ་ཞབས་འགན་འཛིན་ལགས། དཔེ་ཆ་འདིའི་ཆེས་དམའ་བའི་རིན་གོང་ག་ཚོད་ཡིན།" ཞེས་དྲིས་པར། འགན་འཛིན་མར་ཁོ་ཡིས། གྱང་ངོར་བཀལ་འདུག་པའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས་ཏེ། "ད་ལྟ་དཔེ་དེབ་འདི་ལ་རིན་གོང་ཨ་སྒོར་ ༡༠ དང་ཟུར་ ༣༠ "ཞེས་ཚམ་ཚོམ་མེད་པར་བཤད།" "ཅི་ཟེར། དཔེ་ཆའི་རྒྱབ་ངོས་སུ་ཨ་སྒོར་ ༡༠ ཕབ་ཡོད་པ་མ་ཡིན་ནམ། ངས་རིན་གོང་འཕྲི་གཅོག་ཞུ་ཟེར་བ་མ་གཏོགས། གོང་འཕར་རྒྱོབ་ཟེར་བ་ག་ལ་ཡིན།" ཞེས་བཤད་པར།
སྐུ་ཞབས་མར་ཁོ་ཡིས། "སྐུ་ཞབས་ལགས། དཔེ་ཆའི་རིན་གོང་ཨ་སྒོར་ ༡༠ ཡིན་པ་གཞིར་བཞག་རེད། ང་ཡི་དུས་ཚོད་ཀྱི་རིན་ཐང་སྐར་ཆ་རེ་ལ་སྒོར་ཟུར་ ༡༠ རེ་ཡིན། ད་ལྟ་དུས་ཚོད་སྐར་ཆ་གསུམ་འགོར་ཟིན།" ཞེས་བཤད་སོང་། སྐུ་ཞབས་ཧྥེ་ལིབ་ཀྱིས་སྐད་ཆ་འགའ་བཤད་བསམས་ཀྱང་། འགན་འཛིན་མར་ཁོ་ཡི་རྣམ་འགྱུར་ནི་ཧ་ཅང་གཟབ་ནན་ཡིན་པ་མཐོང་བས། ཁ་རྩོད་ཨུ་ཚུགས་བརྒྱབ་པས་ཅི་ཡང་མི་འོང་བ་འདྲ་སྙམ་ནས། "ཡ་ཆོག་གི དཔེ་ཆ་འདི་ངས་ཉོ་བར་བྱ། དོན་དམ་པའི་སྒོར་དུ་ཡིན།" ཞེས་བཤད།
འགན་འཛིན་མར་ཁོ་ཡིས། "ཨ་སྒོར་ ༡༠ དང་ཟུར་ ༥༠ ཡིན།" ཞེས་བཤད་སོང་། སྐུ་ཞབས་ཧྥེ་ལིབ་ཧང་སང་ཏེ། "ཁྱོད་མྱོས་པ་ཡིན་ནམ། སྐད་ཅིག་གི་རིང་ལ་སྒོར་ཟུར་ ༥༠ འཕར་བའི་དཔེ་ཡོད་དམ།" ཞེས་པར། འགན་འཛིན་མར་ཁོ་ཡིས། "དཔེ་ཆའི་རིན་གོང་གཞིར་བཞག་ཡིན། དེ་ཡི་སྟེང་དུ་ང་ཡི་དུས་ཚོད་ཏག་ཏག་སྐར་ཆ་ ༥ འགོར་སོང་བས། སྒོར་ཟུར་ ༥༠ འཕར་བ་རེད། སྐུ་ཞབས་ལགས། ང་ཚོ་སུ་དང་སུ་ཡིན་ཡང་དུས་ཚོད་སྐར་ཆ་རེ་རེ་གསེར་ལས་ལྷག་པ་མ་ཡིན་ནམ།" ཞེས་བཤད། སྐུ་ཞབས་ཧྥེ་ལིབ་ནི་ཅི་བྱ་གཏོལ་དང་བྲལ་ནས། རྟབ་རྟབ་པོར་སྒོར་མོ་ཚང་མ་རྩིས་བརྒྱབ་སྟེ་སྒོ་ཕྱིར་བུད།
འགན་འཛིན་མར་ཁོ་ཡིས་བཤད་པའི་སྐད་ཆ་དེ་དག ཁོའི་རྣ་ལམ་དུ་བྲག་ཆ་བཞིན་འཁོར་འོང་། མཇུག་མཐར་བསམ་བློ་གཞི་ནས་འཁོར་བ་སྟེ། "བདེན་པ་རེད། དུས་ཚོད་སྐར་ཆ་རེ་རེ་དངོས་གནས་གསེར་ལས་ལྷག་པར་འདུག རང་ཉིད་ཀྱིས་དེ་རིང་བསྒྲུབ་དགོས་རྒྱུའི་བྱ་བ་མང་པོ་ལྷག་འཕྲོར་ལུས་ཡོད་པ་མ་ཡིན་ནམ། ཨ་སྒོར་མང་པོ་འདི་ལྟར་འཕྲོ་བརླག་བྱེད་ག་ལ་རུང་།" ཞེས་ཁེར་ལབ་རྒྱག་བཞིན་མཁྲིག་མགོའི་ཆུ་ཚོད་ལ་ལྟ་ཙམ་བྱས་ཏ། བྱ་འཕུར་བ་བཞིན་ལས་སྒྲུབ་ཁང་དུ་ལོག་སོང་ཞེས་གྲགས།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།